དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དགུང་གྲངས༧༢་ལ་ཕེབས་པ།


2016.10.01
དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དགུང་གྲངས༧༢་ལ་ཕེབས་པ། བལ་ཡུལ་དུ་དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གི་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཀུན་བཟང་བསྟན་འཛིན།

༄༅། །དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་བོད་ལུགས་ལྟར་དེ་རིང་དགུང་གྲངས་ ༧༢ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཡིན་པ་ལྟར། འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་གཙོས་པའི་རྗེས་འཇུག་པ་ཚོས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་ཡོད་པ་རེད།
༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༤༥ ལོའི་ཕྱི་ཟླ་ ༩ ཚེས་ ༧ བོད་ཤིང་བྱ་ཟླ་བ་བརྒྱད་པའི་ཚེས་ ༡ ཉིན་རྩེ་གྲོང་ཡུལ་དུ་སྐུ་འཁྲུངས་ཤིང་། ཐོག་མར་ལེགས་སྦྱར་སྐད་ཀྱི་ཨ་ཡུ་བཛྲ་ཞེས་མཚན་གསོལ་ཞུས་པ་དང་། དེ་རྗེས་ཡབ་རྡོ་རྗེ་འཆང་ངག་དབང་ཀུན་དགའ་རིན་ཆེན་མཆོག་ནས་ཚེ་དཔག་མེད་ལྷ་དགུའི་བཀའ་དབང་བསྩལ་སྐབས་མཚན་རྒྱས་པ་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་ཅེས་པ་མཚན་གསོལ་ཞུས་ཡོད་པ་རེད།
ཕྱི་ལོ་ ༡༩༥༢ ལོར་དཔལ་ས་སྐྱ་པའི་བསྟན་བདག་ཁྲི་ཆེན་དུ་ཁྲི་གསོལ་ཞུས་པ་དང་། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་གིས་བཙན་བཟུང་བྱས་རྗེས་རྒྱ་གར་དུ་སྐྱབས་བཅོལ་དུ་ཕེབས་ཤིང་། ཐོག་མར་རྡོ་རྗེ་གླིང་ཁུལ་སྐུ་བཞུགས་མཛད་པ་དང་། དེ་ནས་རིམ་པས་རཇ་པུར་དུ་ས་སྐྱ་མ་དགོན་བཤད་སྒྲ་དང་། ས་སྐྱ་མཐོ་སློབ་སོགས་བཤད་སྒྲུབ་ཀྱི་ལྟེ་གནས་དང་། འཛམ་གླིང་ཤར་ནུབ་ཡུལ་གྲུ་མང་པོའི་ནང་དཔལ་ས་སྐྱ་པའི་ཆོས་ཚོགས་མང་དག་ཅིག་ཉམས་གསོ་དང་གསར་བཙུགས་མཛད་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ལ་བོད་གངས་ཅན་ལྗོངས་ཀྱི་སྔགས་ཆེན་གྱི་རྒྱལ་པོ་ཞེས་གུས་བརྩི་དང་ཐུགས་བརྩེ་ཆེན་པོ་མཛད་ཀྱི་ཡོད་ལ། ཆོས་བརྒྱུད་རིས་སུ་མ་འཆིས་པའི་བོད་མི་མང་ཚོགས་ནས་དད་གུས་ཆེན་པོ་ཞུ་གི་ཡོད་པ་རེད།།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་གྱི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎