རྒྱ་གར་དུ་སློབ་སྦྱོང་སློབ་པའི་བོད་ཕྲུག་ལ་ཁྲིམས་གཞི་བཟོས་སྐོར།

བོད་ཕྲུག་ཁག་རྒྱ་གར་ནང་གི་བོད་པའི་སློབ་གྲྭ་ནང་བཞག་ཡོད་མིན་ངོས་ལེན་ཞུ་དགོས་སྐོར་གྱི་དུས་བཀག་ཁྲིམས་གཞི་དེའི་དུས་ཚོད་ཡོལ་ཟིན་པ་རེད་
2008-09-23
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་ནག་གཞུང་གིས་བོད་རིགས་ཏང་མི་དང་གཞུང་གི་ལས་བྱེད་པ་ཚོའི་ཕྲུ་གུ་རྒྱ་གར་ནང་གི་བོད་པའི་སློབ་གྲྭ་ཁག་ནང་བཞག་ཡོད་མིན་དང་ རྒྱ་གར་ནས་ཕྱིར་འཐེན་ནམ་ཕྱིར་ལོག་བྱས་པའི་ཕྲུ་གུ་ཚོས་རྒྱ་གར་དུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་ཏུ་ཕྱིན་མིན་དང་སློབ་གྲ་ཁག་ཏུ་སློབ་གསོ་ཇི་སྤྲད་སོགས་ཟླ་བ་གཉིས་ནང་ཚུད་ངོས་ལེན་ཞུ་དགོས་སྐོར་གྱི་དུས་བཀག་ཁྲིམས་གཞི་དེའི་དུས་ཚོད་ཡོལ་ཟིན་པ་རེད་

ཁྲིམས་གཞི་དེ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་སྒྲིག་འཛུགས་དོ་དམ་ལྷན་ཁང་གིས་མིང་ཐོག་ནས་ཡོངས་ཁྱབ་འདོན་སྤེལ་བྱས་ཤིང་ དེའི་ནང་རྒྱ་གར་ནས་སློབ་ཕྲུག་ཕྱིར་ལོག་བྱེད་མཁན་དང་ རྒྱ་གར་ནང་ཡོད་པའི་བོད་པའི་སློབ་གྲྭ་ཁག་ནས་སོ་སོའི་བུ་ཕྲུག་ཕྱིར་འཐེན་མི་བྱེད་མཁན་གྱི་ཕ་མ་ཚོར་ཉེས་ཆད་ཕོག་སྲིད་ལུགས་ཀྱི་ཉེན་བརྡ་བཏང་ཡོད་པ་རེད་

འདས་པའི་ལོ་བཅུ་ཕྲག་འགའ་ཤས་རིང་ བོད་ནས་ཕྲུ་གུ་སྟོང་ཕྲག་མང་པོ་ཧི་མ་ལ་ཡའི་ལ་ལུང་བརྒལ་སྟེ་རྒྱ་གར་ནང་ཡོད་པའི་བོད་པའི་སློབ་ཕྲུག་ཁག་དང་དགོན་སྡེ་ཁག་ནང་སློབ་སྦྱོང་བྱེད་པར་རིམ་འབྱོར་བྱུང་ཡོད་ཅིང་ ཕ་མ་ཚོས་རང་གི་བུ་ཕྲུག་རྒྱ་གར་དུ་སློབ་སྦྱོང་ཆེད་བཏང་པའི་རྒྱུ་མཚན་གཙོ་བོ་ཞིག་ནི་ བོད་ཀྱི་རིག་གཞུང་རྩ་བར་བཟུང་བའི་ཤེས་ཡོན་ཐོབ་ཐབས་ཆེད་ཡིན་པ་དང་ དེ་བཞིན་བོད་ནང་ཕྲུ་གུ་སློབ་གྲར་གཏོང་རྒྱུའི་དཔལ་འབྱོར་གྱི་རྒྱབ་གཉེར་མེད་པའི་རྐྱེན་གྱིས་ཕྲུ་གུ་རྒྱ་གར་དུ་བཏང་པ་སོགས་ཀྱང་བྱུང་ཡོད་པ་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ཤིག་གི་ནང་བཀོད་འདུག ཕྲུ་གུ་རྒྱ་གར་ནས་ཕྱིར་འཐེན་བྱེད་དགོས་པ་དང་རྒྱ་གར་ནས་ཕྱིར་ལོག་བྱས་པའི་སློབ་ཕྲུག་ཚོས་སློབ་གསོའི་སྐོར་ངོས་ལེན་ཞུ་དགོས་སྐོར་གྱི་ཁྲིམས་གཞི་གཏན་འབེབས་བྱས་པའི་སྐོར་ཐོག་མར་ བོད་ལྗོངས་ཉིན་རེའི་གསར་ཤོག་ཐོག་ཕྱི་ཟླ་བདུན་པའི་ཚེས་བཅུ་བཞི་ཉིན་གསལ་བསྒྲགས་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་སློབ་གྲ་ཁག་ནས་སློབ་ཕྲུག་ཕྱིར་འཐེན་བྱེད་དགོས་ལུགས་ཀྱི་ཡོངས་ཁྱབ་ཁྲིམས་གཞི་དེ་འདྲ་བ་ཞིག་དེ་སྔོན་ལོ་རབས་དགུ་བཅུའི་ནང་ཡང་གཏན་འབེབས་བྱས་པ་བྱུང་ཡོད་ལ་ རྒྱུན་དུ་རྒྱ་ནག་གཞུང་གིས་བཙན་བྱོལ་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་པའི་སློབ་ཕྲུག་དེ་ཚོ་ནི་ཏཱ་ལའི་རུ་ཚོགས་ཀྱི་འགོ་བསྐོར་སླུ་བྲིད་འོག་ཚུད་པ་ཤ་སྟག་ཡིན་པ་དང་ ཁོང་ཚོས་སློབ་གསོ་སྤྲད་པའི་རྗེས་བོད་ནང་སིམ་འཛུལ་བྱས་སྟེ་ང་ཚོའི་མ་འོངས་པའི་སྟོབས་ཤུག་ཉམས་ཉེས་གཏོང་རྒྱུའི་དམིགས་ཡུལ་ཡོད་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད་ ལྷག་པར་དུ་ཕྱི་ཟླ་བདུན་པའི་ནང་སྤེལ་བའི་ཁྲིམས་གཞི་དེའི་ནང་ ཕྱིར་ལོག་བྱེད་མཁན་གྱི་ཕྲུ་གུ་ཚོས་ ཕྱི་རྒྱལ་དུ་ཡོད་སྐབས་ཁ་བྲལ་དང་འཇིགས་བསྐུལ་གྱི་ལས་དོན་སོགས་ཀྱི་ནང་མཉམ་ཞུགས་ཇི་བྱས་ངོས་ལེན་ཞུ་དགོས་པ་མ་ཟད་རྒྱ་གར་དུ་སྡོད་རིང་སོ་སོའི་བསམ་བློའི་འཁྱེར་གསོ་དང་ཡིད་ཆེས་བྱེད་ཕྱོགས་ཇི་ཡིན་སོགས་ཀྱང་ངོས་ལེན་ཞུ་དགོས་སྐོར་འཁོད་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།