ཧྥ་རན་སི་ནས་བོད་ཀྱི་ཁོར་ཡུག་གླེང་ཆེད་བོད་མིས་ལས་འགུལ།


2015.11.30
ཨོའོ་སི་ཀྲོ་ལི་ཡའི་ནང་བོད་མི་ཚོ་ཁོར་ཡུག་གོམ་བགྲོད་ལ་མཉམ་ཞུགས་གནང་སྐབས། ༢༠༡༥།༡༡།༣༠ ཨོའོ་སི་ཀྲོ་ལི་ཡའི་ནང་བོད་མི་ཚོ་ཁོར་ཡུག་གོམ་བགྲོད་ལ་མཉམ་ཞུགས་གནང་སྐབས། ༢༠༡༥།༡༡།༣༠
ར་ལོ་དོན་ལྡན།/RFA

ཨོའོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་ཆེ་ཁག་དྲུག་ནང་ཁོར་ཡུག་སྲུང་སྐྱོབ་ཆེད་མི་མང་གི་གོམ་བགྲོད་ལས་འགུལ་ནང་བོད་མི་ཚོ་མཉམ་ཞུགས་གནང་བ།
དེ་ཡང་འདི་ཟླའི་ཚེས་༢༧ནས་༢༩བར་ཨོའོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་Sydneyདང་། Melbourne, Brisbane, Canberra, Adelaide དེ་བཞིན་Hobartབཅས་ཀྱི་ནང་དུ་མི་མང་སྟོང་ཕྲག་མང་པོས། ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་COP21ཞེས་པ་དེ་འཚོགས་བཞིན་ཡོད་པར་བརྟེན་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་རྒྱུའི་ཆེད། འཛམ་གླིང་དབུ་ཁྲིད་རྣམ་པས་དོན་སྙིང་ལྡན་པའི་གྲོས་ཆོད་འཇོག་ཐུབ་དགོས་པའི་འབོད་སྐུལ་གྱི་མི་མང་གོམ་བགྲོད་ལས་འགུལ་ཞིག་སྤེལ་སྐབས། ཨོའོ་སི་ཀྲོ་ལི་ཡའི་ཁུལ་གྱི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱིས་དབུ་ཁྲིད་འོག་ས་གནས་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་བཅས་ཀྱིས་གོམ་བགྲོད་ལས་འགུལ་དེའི་ནང་མཉམ་ཞུགས་གནང་བ་མ་ཟད། ཕ་རན་སིའི་རྒྱལ་སའི་ནང་རྒྱལ་སྤྱིའི་ཁོར་ཡུག་ལྷན་ཚོགས་སྐབས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཆེད་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་གལ་ཆེར་བརྩི་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་གནང་འདུག
དེ་བཞིན་ལྷོ་ཕྱོགས་ཨོ་གླིང་བོད་རིགས་ཚོགས་པའི་འགོ་ཁྲིད་བསྟན་འཛིན་ཆོས་སྐྱིད་ལགས་དང་། ཨོ་གླིང་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བློ་བཟང་ལུང་རྟོགས་ལགས་སོགས་ཀྱིས་ཐེངས་དེར་ལོ་རྒྱུས་རང་བཞིན་ལྡན་པའི་མི་མང་གི་གོམ་བགྲོད་ལས་འགུལ་འདི་ལྟ་བུའི་ནང་བོད་མི་ཚོ་མཉམ་ཞུགས་གནང་རྒྱུའི་གོ་སྐབས་ཐོབ་པ་ནི་ཨོ་གླིང་གནས་སྡོད་བོད་མི་ཡོངས་ཀྱི་སེམས་ནང་དགའ་སྤོབས་སྐྱེ་འོས་པ་ཞིག་ཡིན། བོད་མི་འབྲོག་པ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་རྩ་ཐང་ཐོག་ཁོར་ཡུག་དང་ཧ་ཅང་འགྲོགས་འདྲིས་ཆེན་པོའི་སྒོ་ནས་འཚོ་གནས་ཐུབ་ཡོད། འོན་ཀྱང་ད་ཆ་རྒྱ་ནག་གཞུང་གིས་བོད་མི་འབྲོག་པ་རྣམས་ཀྱི་འཚོ་བའི་གོམས་སྲོལ་གྱིས་ཁོར་ཡུག་ལ་ཉམས་ཆགས་ཤུགས་ཆེ་བཟོ་བཞིན་ཡོད་པའི་བསྙོན་འཛུགས་བྱས་ནས་འབྲོག་ས་ནས་བཙན་དབང་གིས་གྲོང་གསེབ་གསར་པའི་ནང་གནས་སྤོ་བྱེད་དུ་འཇུག་བཞིན་ཡོད་པ་རེད། དེར་བརྟེན་ང་ཚོས་དེ་རིང་དེར་ཁོང་རྣམ་པའི་ཚབ་ཞུས་ནས་ལས་འགུལ་དེའི་ནང་མཉམ་ཞུགས་བྱེད་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།
དེ་ག་ནང་བཞིན་བཞུགས་སྒར་རྡ་སའི་ཁུལ་དུའང་བོད་ཀྱི་བུད་མེད་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱི་གོ་སྒྲིག་གནང་སྟེ། དེང་སྐབས་ཕ་རན་སིའི་ནང་སྐོངས་འཚོགས་གནང་བཞིན་པའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་དེའི་ཐོག་ནས་བོད་ནང་གི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཁོར་ཡུག་གི་གནད་དོན་ཐད་ཐུགས་སྣང་ཆེ་ཆེར་གནང་དགོས་པའི་འབོད་སྐུལ་གྱི་ལས་འགུལ་ཞིག་ཀྱང་སྤེལ་གནང་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎