བལ་ཡུལ་ནང་བོད་ཀྱི་མང་གཙོའི་དུས་དྲན་ཉིན་གང་སར་ཉེན་རྟོག་པ་འགྲེམས་འཇོག་གིས་དམ་དྲག་བྱས་འདུག

2021-09-02
Share
བལ་ཡུལ་ནང་བོད་ཀྱི་མང་གཙོའི་དུས་དྲན་ཉིན་གང་སར་ཉེན་རྟོག་པ་འགྲེམས་འཇོག་གིས་དམ་དྲག་བྱས་འདུག བལ་ཡུལ་གྱི་མཆོད་རྟེན་སྐོར་ལམ་དུ་ཉེན་རྟོག་པ། ༩།༢།༢༡
HURON

བལ་ཡུལ་ནང་ཡུལ་ལུང་གི་གནས་སྟངས་དང་བསྟུན་མི་མང་པོ་མཉམ་འཛོམས་མེད་པར་བོད་ཀྱི་མང་གཙོའི་དུས་དྲན་སྲུང་བརྩི་བྱས་ཡོད་ཀྱང་བལ་ཡུལ་གཞུང་གིས་གང་སར་ཉེན་རྟོག་པ་འགྲེམས་འཇོག་གིས་དམ་དྲག་བྱས་འདུག
ཕྱི་ཟླ་དགུ་པའི་ཚེས་༢་ཉིན་ནི། བོད་ཀྱི་མང་གཙོའི་དུས་ཆེན་ཡིན་པ་དང་བོད་ཀྱི་མང་གཙོ་དབུ་བརྙེས་ནས་ད་བར་མི་ལོ་༦༡་ཕྱིན་ཡོད་པ་རེད། ཉིན་དེར་རྒྱ་གར་རྡ་རམ་སཱ་ལ་གཙོས་བོད་ཕྱི་ཕྱོགས་ཀྱི་བོད་མི་གནས་སྡོད་བྱེད་ཡུལ་གང་སར་རྣམ་པ་འདྲ་མིན་ཐོག་བོད་ཀྱི་མང་གཙོའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་ལྟར། བལ་ཡུལ་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་དང་ཡུལ་ལུང་གི་གནས་སྟངས་དང་བསྟུན་མི་མང་པོ་འདུ་འཛོམས་མེད་པར་བོད་མིའི་གཞིས་ཆགས་ནང་ཁུལ་དུ་ཆོས་ཕྱོགས་ཀྱི་རྣམ་པའི་ཐོག་བོད་ཀྱི་མང་གཙོའི་དུས་དྲན་ཐེངས་དྲུག་ཅུ་རེ་གཅིག་པ་སྲུང་བརྩི་བྱས་ཡོད་ཀྱང་བལ་ཡུལ་གཞུང་གིས་ཉིན་དེར་གང་སར་ཉེན་རྟོག་པ་འགྲེམས་འཇོག་གིས་དམ་དྲག་བྱས་ཡོད་འདུག
བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ལས་འཆར་འབྲེལ་མཐུད་པ་བཟང་པོ་བླ་མ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཅར་འདྲི་བྱས་སྐབས། ཁོང་གིས། བལ་ཡུལ་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་སོགས་ལ་བརྟེན་ད་ཐེངས་བོད་ཀྱི་མང་གཙོའི་དུས་ཆེན་གཞུང་འབྲེལ་ཐོག་མི་མང་པོ་འདུ་འཛོམས་བྱས་ནས་འཚོགས་རྒྱུའི་གཞུང་འབྲེལ་གོ་སྒྲིག་དང་བརྡ་ཁྱབ་བཏང་མེད་ཀྱང་། བལ་ཡུལ་ནང་གི་འཇོ་ལ་ཁེལ་དང་སྤོག་ར་སོགས་བོད་མི་གནས་སྡོད་གཞིས་ཆགས་ཁག་གི་ནང་མི་མང་པོ་འདུ་འཛོམས་མེད་པར་ནང་ཁུལ་ནས་མང་གཙོའི་དུས་དྲན་སྲུང་བརྩི་བྱས་འདུག བལ་ཡུལ་གཞུང་ཕྱོགས་ནས་ཉིན་དེར་ནམ་རྒྱུན་ལྟར་བལ་ཡུལ་གྱི་མཆོད་རྟེན་དང་འཕགས་ཤིང་། རྒྱལ་ས་བཅས་བོད་མི་གནས་སྡོད་བྱེད་ཡུལ་གང་སར་ཉེན་རྟོག་པ་དང་སྒྲིག་ཆས་གྱོན་མེད་པའི་གསང་བའི་མི་སྣ་སོགས་འགྲེམས་འཇོག་གིས་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ལྟ་རྟོགས་བྱས་ཡོད་པ་མ་ཟད། ཉིན་དེར་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་སྲིད་པའི་དོགས་གཞིའི་འོག་བལ་ཡུལ་ནང་གི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་དུ་ཉེན་རྟོག་སྐོར་སྲུང་བ་འགྲེམས་འཇོག་བྱས་ཡོད་པ་ངོ་སྤྲོད་གནང་བྱུང་།

nepal-ktm.jpg

དེ་བཞིན་ཉིན་དེར་བལ་ཡུལ་མཐའ་མཚམས་སུ་བོད་མི་གནས་སྡོད་བྱེད་ཡུལ་གཞིས་ཆགས་ཤར་ཁུམ་བུ་དང་། ཝ་ལུང་། ར་སོ་ཝ་(Shyabru) (Rasuwa) (Walung)་བཅས་སུ་བལ་ཡུལ་གཞུང་ཕྱོགས་ཀྱི་ཏོག་དབྱིབས་རིམས་ནད་ཁྱབ་གདལ་སྔོན་འགོག་གི་བདེ་འཇགས་ལམ་སྟོན་གཞིར་བཟུང་། ས་གནས་སོ་སོའི་ནང་མང་གཙོའི་དུས་ཆེན་སྟབས་བདེ་ངང་སྲུང་བརྩི་ཞུས་ཡོད་འདུག
ཉིན་དེར་བལ་ཡུལ་གཞུང་ཕྱོགས་ནས་དམ་དྲག་བྱས་བ་ལས་བོད་མི་འཛིན་བཟུང་བྱས་བ་སོགས་ཀྱི་གནས་ཚུལ་བྱུང་མི་འདུག
བལ་ཡུལ་ནང་རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྟེན་བལ་ཡུལ་གཞུང་གིས་སྤྱིར་བལ་ཡུལ་ནང་གི་བོད་མི་ཚོས་ཆབ་སྲིད་ཀྱི་ལས་འགུལ་རིགས་སྤེལ་རྒྱུར་དམ་དྲག་ཆེན་པོ་བྱེད་བཞིན་པ་དང་། ལྷག་པར་ལོ་ལྟར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་དང་། ༧གོང་ས་མཆོག་གི་འཁྲུངས་སྐར་ལ་སོགས་པ་བོད་མིའི་དུས་ཆེན་དང་དུས་དྲན། ལས་འགུལ་སོགས་ཀྱི་སྐབས་སྔ་ས་ནས་གང་སར་ཉེན་རྟོག་པ་དང་གསང་བའི་མི་སྣ་འགྲེམས་འཇོག་གིས་དམ་དྲག་དང་བོད་མི་འཛིན་བཟུང་བཀག་ཉར་བྱས་བའི་གནས་ཚུལ་ཡང་སེ་ཐོན་བཞིན་པ་རེད།

གསར་འགོད་པ། རྡོ་རྗེ་དགྲ་འདུལ་དང་། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།