སྤྱི་ཟུར་བློ་བཟང་གྲགས་པ་ལགས་རྒྱ་རིགས་འབྲེལ་མཐུད་པར་བསྐོ་བཞག་གནང་འདུག

2021-04-26
Share
སྤྱི་ཟུར་བློ་བཟང་གྲགས་པ་ལགས་རྒྱ་རིགས་འབྲེལ་མཐུད་པར་བསྐོ་བཞག་གནང་འདུག བློ་བཟང་གྲགས་པ་ལགས།
RFA

དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་སྤྱི་ཟུར་བློ་བཟང་གྲགས་པ་ལགས་ཨའོསི་ཊརེ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པར་བསྐོ་བཞག་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་༢༠༢༡་ཕྱི་ཟླ་ ༤་ཚེས་༢༣་ཉིན་ཁོང་ལ་བསྐོ་བཞག་གི་ཕྱག་ཡིག་གནང་འདུག་པ་དེའི་ནང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩ ་ནང་གསེས་༤ ་དགོངས་དོན་གཞིར་བཟུང་། ༢༠༢༡་ཕྱི་ཟླ་ ༥་ཚེས་༡་ནས་ ༢༠༢༡་ཕྱི་ཟླ་༨་ཚེས་༢༧་བར་ཏེ་ཟླ་བ་གསུམ་ལྷག་ཙམ་རིང་སྤྱི་ཟུར་བློ་བཟང་གྲགས་པ་ལགས་རྒྱ་རིགས་འབྲེལ་མཐུད་པའི་ལས་འགན་ཐོག་དམིགས་བསལ་བསྐོ་བཞག་གནང་པ་ཡིན་པ་བཀོད་འདུག་ལ་བཀའ་དྲུང་ཡིག་ཚང་ནས་གནས་ཚུལ་འདི་དངོས་འབྲེལ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་འདྲི་རྩད་སྐབས་གསལ་བཤད་གནང་བྱུང་།
འདིའི་སྔོན་གྱི་ཨའོསི་ཊརེ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་སྤྱི་ཟུར་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཐེ་ཝན་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་སྟབས། དེའི་ཚབ་ཏུ་སྤྱི་ཟུར་བློ་བཟང་གྲགས་པ་ལགས་བསྐོ་བཞག་གནང་པ་ཞིག་ཡིན་པ་རེད།
སྤྱི་ཟུར་བློ་བཟང་གྲགས་པ་ལགས་ནི། སྐབས་བཅུ་དྲུག་པའི་བོད་མི་དམངས་མདོ་སྟོད་སྤྱི་འཐུས་ཤིག་ཡིན་པ་དང་། ཉེ་སྔོན་ཁོང་གིས་སྤྱི་འཐུས་ནས་དགོངས་ཞུ་གནང་ཟིན་འདུག་ལ། ད་ལྟ་ཁོང་གི་ཚབ་ཏུ་མདོ་སྟོད་སྤྱི་འཐུས་གསར་པ་ཞིག་སླེབས་དགོས་ཀྱི་ཡོད་པ་རེད།
བློ་བཟང་གྲགས་པ་ལགས་ཀྱིས་དེ་སྔ་ཕྱི་ལོ་༢༠༡༩་ལོར་བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་ཨ་རིའི་དོན་ཟུར་སྤེན་པ་ཚེ་རིང་ལགས་བར་གྱི་ཁ་མཆུ་ཨང་ ༢༠ ་པའི་གྱོད་དོན་ཉན་ཞིབ་སྐབས་བཀའ་ཤག་གི་ཁྲིམས་རྩོད་པའི་ལས་འཁུར་ཞུས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།