གོ་འཇོ་རྫོང་ར་ཉིས་ས་གནས་ཀྱི་བོད་མི་ཁག་གཅིག་བཙན་གྱིས་གནས་སྤོར་བྱེད་དུ་བཅུག་འདུག

2019-04-05
གློག་འཕྲིན།
མཆན།
Share
པར་བཀོད།
གོ་འཇོ་རྫོང་ར་ཉིས་ས་གནས་ཀྱི་བོད་མི་ཁག་གཅིག་བཙན་གྱིས་གནས་སྤོར་བྱེད་དུ་བཅུག་སྐབས། ༢༠༡༩།༣།༣༡
གོ་འཇོ་རྫོང་ར་ཉིས་ས་གནས་ཀྱི་བོད་མི་ཁག་གཅིག་བཙན་གྱིས་གནས་སྤོར་བྱེད་དུ་བཅུག་སྐབས། ༢༠༡༩།༣།༣༡
བོད་འབྱོར།

ཁམས་གོ་འཇོ་རྫོང་ར་ཉིས་ས་གནས་ཀྱི་བོད་མི་རྣམས་རྒྱ་ནག་གཞུང་གིས་བཙན་ཤེད་ཐོག་རང་ས་བཞག་ནས་ས་ཁུལ་གཞན་དུ་གཞི་སྤོར་བྱེད་དུ་བཅུག་ཡོད་འདུག
དེ་ཡང་ཉེ་བའི་ཆར་ཁམས་གོ་འཇོ་རྫོང་ར་ཉིས་ས་གནས་ཀྱི་བོད་མི་དུད་ཁྱིམ་༡༢་ཙམ་རྒྱ་ནག་གཞུང་གིས་བཙན་དབང་ཐོག་འགྲུལ་བསྐྱོད་རླངས་འཁོར་ནང་བཅུག་སྟེ་ཀོང་པོ་ས་གནས་སུ་གནས་སྤོར་ཆེད་ཁྲིད་ཉེན་རྟོག་པའི་རླངས་འཁོར་བསྐྱེལ་པའི་བརྙན་ཐུང་ཞིག་འདི་ག་རླུང་འཕྲིན་ཁང་དུ་འབྱོར་བ་དང་། དེ་ནི་སྤྱི་ཟླ་༣་པའི་ཚེས་༣༡་གཟའ་ཉི་མའི་ཉིན་བྱུང་བའི་གནས་ཚུལ་ཡིན་སྐོར་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་ཡོད།
དེ་བཞིན་གནས་ཚུལ་དེའི་སྐོར་ས་གནས་བོད་མི་གཉིས་ཀྱིས་ངོ་སྤྲོད་བྱས་པའི་སྐད་སྒྲ་དུམ་བུ་གཉིས་འདི་གའི་རླུང་འཕྲིན་ཁང་ལ་འབྱོར་ཡོད་པའི་ནང་། གཅིག་གིས་ར་ཉིས་ས་ཁུལ་དུ་གྲོང་ཚོ་འགའ་ཡོད་པའི་ནང་ནས་བཙན་ཁྲིད་བྱེད་བཞིན་པའི་དུད་ཁྱིམ་༡༢་ཙམ་ཡོད་པ་ཚོའི་མིང་ངོ་སྤྲོད་བྱེད་བཞིན་པ་དང་། མི་གཞན་པ་དེས་བཙན་ཁྲིད་བྱེད་བཞིན་པའི་བོད་མི་རྣམས་ཀྱི་མིང་བཤད་འདུག
གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་དུ་འགྲེལ་བརྗོད་བྱས་པར། ས་གནས་དེའི་བོད་རིགས་ཁྱིམ་ཚང་སྐོར་ཞིག་སྔོན་མ་ནས་ས་ཁུལ་གཞན་དུ་ཕྱིན་ནས་ཚོང་གཉེར་བཞིན་ཡོད་འདུག་ལ། ཁྱིམ་ཚང་སྐོར་ཞིག་རང་ཡུལ་དུ་མུ་མཐུད་ཞིང་ལས་ལ་རྟེན་ནས་འཚོ་བཞིན་ཡོད་པ་དང་། ས་གནས་དེ་ནི་རྨ་ཆུའི་ཉེ་འཁྲིས་སུ་ཡོད་འདུག་ལ། ཡུལ་དེར་ཞིང་ལས་ཀྱི་ཐོན་ཁོངས་ལས་གཞན་ཤིང་ཏོག་གི་རིགས་ཀྱང་སྣ་མང་ཡོད་འདུག རྒྱ་ནག་གཞུང་གིས་ས་གནས་དེའི་བོད་མི་རྣམས་ཀོང་པོ་ས་གནས་སུ་གཞི་སྤོར་བྱ་རྒྱུར་སྐུལ་འདེད་ཀྱིས་དེར་ཁང་པ་དང་ཞིང་ས་མཁོ་སྤྲོད་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་ཀྱང་། བོད་མི་ཚོས་ཕྱོགས་གཅིག་ནས་རྒྱ་ནག་གཞུང་ལ་ཡིད་ཆེས་བྱེད་དཀའ་བ་དང་། གཉིས་ནས་ཕ་མྱེས་ཡང་མྱེས་ནས་འཚོ་སྡོད་བྱེད་སའི་ཕ་ཡུལ་བཞག་ནས་འགྲོ་འདོད་མེད་སྟབས་རྒྱ་ནག་གཞུང་ཕྱོགས་ཀྱི་དགོས་འདུན་ལ་ཡ་ལན་བྱས་མེད་ནའང་། ད་ལྟ་བཙན་དབང་གིས་རླངས་འཁོར་ནང་ཁྲིད་ཡོད་པ་མ་ཟད། གཞུང་ཕྱོཊ་ནས་བོད་པའི་གྲོང་སྡེ་འདི་དག་གནས་སྤོར་བྱེད་དགོས་དོན་གང་ཡིན་འགྲེལ་བརྗོད་བྱེད་ཀྱིན་མེད་པ་བརྗོད་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།