ཨ་རིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་བཏོན་འདུག

2022.04.12
Share on WhatsApp
Share on WhatsApp
ཨ་རིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་བཏོན་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken) ༠༤།༡༢།༢༠༢༢
U.S. Department of State

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་འདི་ཚེས་༡༢ཉིན་འདས་བའི་༢༠༢༡ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་བཏོན་ཡོད་པ་དང་། སྙན་ཐོ་འགྲེམས་སྤེལ་གྱི་གསར་འགོད་གསལ་བསྒྲགས་སྐབས་ཕྱི་སྲིད་དྲུང་ཆེ་(Antony Blinken)་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅིང་སོགས་གྲངས་ཉུང་མི་རིགས་ཚོའི་ཐོག་འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་དྲག་གནོན་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་དང་། རྒྱ་ནག་གཞུང་གིས་བོད་ནང་འཆར་གཞི་དང་གོ་རིམ་ལྡན་པའི་ཐོག་ནས་དྲག་གནོན་བྱེད་བཞིན་ཡོད་པ་དང་། ཤར་ཏུར་ཀི་སི་ཐན་ནང་མུ་མཐུད་དུ་མི་རིགས་རྩ་མེད་གཏོང་བའི་བྱེད་ཐབས་ལག་བསྟར་བྱེད་བཞིན་ཡོད་པ་ཐེར་འདོན་བྱས་ཡོད་པ་དང་། དེ་ནི་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་༢༠༢༡ལོའི་འཛམ་གླིང་གི་རྒྱལ་ཁབ་༡༩༨ནང་གི་འགྲོ་བ་མིའི་ཐོབ་ཐང་ལག་བསྟར་བྱེད་ཕྱོགས་ཐད་ཀྱི་ཞིབ་འཇུག་སྙན་ཐོ་འགྲེམ་སྤེལ་གནང་བ་དེ་ཡིན་པ་རེད།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐོར་གྱི་ཞིབ་འཇུག་སྙན་ཐོ་དེའི་ནང་དུ། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ས་ཁུལ་དུ་ངོས་འཛིན་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གི་ཆོག་མཆན་མེད་པར་བོད་ཀྱི་ས་ཁུལ་ཁག་ནང་དམངས་ཁྲོད་དུ་བྱེད་སྒོ་གང་ཡང་སྤེལ་མི་ཆོག་པ་དང་། གལ་ཏེ་བྱེད་སྒོ་སྤེལ་བ་ཡིན་ན། བཀག་ཉར་དང་འཛིན་བཟུང་བྱེད་གི་ཡོད་པ་རེད། ཅེས་དང་། རྒྱ་ནག་གཞུང་གིས་སྒྲིག་གཞི་དང་ཁྲིམས་ལུགས་གང་ལ་ཡང་མ་བརྟེན་པར་བོད་མི་གང་བྱུང་འཛིན་བཟུང་གི་གནས་ཚུལ་བྱུང་ཡོད་པ། དཔེར་ན་༢༠༢༠ལོའི་སྤྱི་ཟླ་བཅུ་བའི་ནང་བོད་ཀྱི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཁྲིན་ཏུའུ་ནས་འཛིན་བཟུང་བྱས་ཡོད་པ་གསལ་འདོན་གྱིས་བོད་ནང་བོད་མི་མང་པོ་ཞིག་གང་བྱུང་འཛིན་བཟུང་དང་བཀག་ཉར་དང་། བཙོན་འཇུག་བྱས་པའི་གནས་ཚུལ་གསལ་འདོན་གནང་འདུག
ད་དུང་སྡུག་སྦྱོང་མནར་གཅོད་དང་། གདུག་རྩུབ། མི་སྤྱོད་ལས་འདས་པའི་བརྙས་བཅོས་དང་མཐོང་ཆུང་། ཉེས་ཆད་གཅོད་པ། དེ་བཞིན་ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཅན་དོགས་གཞི་ཅན་དག་ལ་ཁྲིམས་རྩོད་པ་གླ་རྒྱུའམ་དག་སེལ་བ་གཞན་གདན་འདྲེན་ཞུ་རྒྱུའི་ཐོབ་ཐང་ཡོད་ནའང་། བོད་མི་དག་འབུད་ཞུ་མཁན་རྣམས་ལ་ཁྲིམས་བཤེར་སྔོན་གྱི་ བཀག་ཉར་སྐབས་སུ་ཁྲིམས་རྩོད་པ་གླ་བའི་ཐོབ་ཐང་སྤྲོད་ཀི་མེད་པ་སོཊ་གནད་དོན་མང་དག་ཅིག་གསལ་འདོན་གནང་འདུག
ཡང་སྙན་ཐོ་དེའི་ནང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁོངས་ཀྱི་བོད་རིགས་མང་ཆེ་བ་ནི་བོད་རང་སྐྱོང་ལྗོངས་ཟེར་བ་དང་། སི་ཁྲོན་དང་མཚོ་སྔོན། ཡུན་ནན། ཀན་སུའུ་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཁུལ་དང་རྫོང་ནང་གནས་སྡོད་བྱས་ཡོད། རྒྱ་ནག་དམར་ཤོག་གཞུང་གིས་བོད་ཀྱི་ས་ཁུལ་ཡོངས་ལ་དབང་སྒྱུར་བྱས་ཡོད་པ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་འདུས་སྡོད་བྱེད་ས་གཞན་དག་ནང་བཞིན་རང་སྐྱོང་ས་ཁུལ་དང་བོད་ཀྱི་ས་ཁུལ་ཁག་ཏུའང་དམར་ཤོག་ཚོགས་པའི་ནང་གི་རྒྱ་མི་རིགས་ཡིན་པའི་དཔོན་རིགས་ཀྱིས་དམར་ཤོག་ཚོགས་པ་དང་། སྲིད་གཞུང་། ཉེན་རྟོག དམག་དཔུང་གི་གོ་གནས་མཐོན་པོ་དག་བཟུང་ཡོད། པེ་ཅིང་དུ་ཡོད་པའི་འཐུས་མི་༢༥ཅན་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་དང་། དེའི་རྒྱུན་ལས་འཐུས་མི་བདུན་ལ་མཐའ་མའི་ཐག་གཅོད་ཀྱི་དབང་ཆ་ཡོད་པ་དང་། མི་སྣ་དེ་དག་གི་ཁོངས་སུ་བོད་པའི་འཐུས་མི་གཅིག་ཀྱང་མེད་གསལ་སྟོན་བྱས་འདུག

གསར་འགོད་པ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་འགྲན་བསྡུར་ཐེངས་༢༧ པ་མཇུག་བསྒྲིལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།