བོད་རྒྱ་གར་དང་མཉམ་དུ་བསྒྲིགས་པར་རྒྱ་ནག་གིས་ངོ་རྒོལ་བྱས་འདུག

2018-11-16
གློག་འཕྲིན།
མཆན།
Share
པར་བཀོད།
ལྷོ་ཀོ་རི་ཡ་སློབ་གྲྭ་ཆེན་མོའི་ནང་གི་རྒྱལ་སྤྱིའི་སློབ་ཕྲུག་གི་དུས་སྟོན་ཐོག 2018/11
ལྷོ་ཀོ་རི་ཡ་སློབ་གྲྭ་ཆེན་མོའི་ནང་གི་རྒྱལ་སྤྱིའི་སློབ་ཕྲུག་གི་དུས་སྟོན་ཐོག 2018/11
Yang Yi

ལྷོ་ཀོ་རི་ཡའི་རྒྱལ་ས་སོའོ་ནང་ཡོད་པའི་ལྷོ་ཀོ་རི་ཡ་སློབ་གྲྭ་ཆེན་མོའི་ནང་གི་རྒྱལ་སྤྱིའི་སློབ་ཕྲུག་གི་དུས་སྟོན་ཐོག་བོད་དེ་རྒྱ་གར་དང་མཉམ་དུ་བསྒྲིགས་པར་རྒྱ་ནག་གཞུང་གིས་ངོ་རྒོལ་བྱས་ཡོད་འདུག
དེ་ཡང་རྒྱ་གར་གྱི་ཚགས་ཤོག་(Busines Standard) ཐོག་གནས་ཚུལ་སྤེལ་བའི་ནང་། ལྷོ་ཀོ་རི་ཡ་སློབ་གྲྭ་ཆེན་མོ་དེའི་རྒྱལ་སྤྱིའི་སློབ་ཕྲུག་གི་དུས་སྟོན་ཐོག་བོད་རྒྱ་གར་དང་མཉམ་དུ་བཞག་ནས་དུས་སྟོན་སྐབས་རྒྱ་གར་གྱི་ཁོངས་གཏོགས་ཅོག་ཙེ་ཐོག་བོད་ཀྱི་རྒྱལ་དར་འགྲེངས་བཙུགས་བྱས་ཡོད་པ་སོགས་ཀྱིས་སློབ་གྲ་དེའི་ནང་གི་རྒྱ་ནག་སྐམ་ས་ནང་སློབ་སྦྱོང་བྱེད་པར་སླེབས་པའི་རྒྱ་རིགས་སློབ་མ་ཚོས་ངོ་རྒོལ་གྱིས་ལྷོ་ཀོ་རི་ཡ་སློབ་གྲ་ཆེན་མོས་དགོངས་སེལ་ཞུ་དགོས་པའི་དགོས་འདུན་བཏོན་ཡོད་འདུག
དེའི་སྐོར་རྒྱ་ནག་གཞུང་འབྲེལ་གོ་ལའི་ཚགས་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པའི་ནང་། གནད་དོན་དེའི་ཐད་ལྷོ་ཀོ་རི་ཡའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཀྱིས་ལྷོ་ཀོ་རི་ཡ་སློབ་གྲྭ་ཆེན་མོའི་འཛིན་སྐྱོང་དང་། ཀོ་རི་ཡ་གཞུང་ལ་གནད་དོན་དེའི་ཐོག་གསལ་བཤད་དགོས་པའི་དགོས་འདུན་བཏོན་ཡོད་ལུགས་བཀོད་ཡོད་འདུག
རྒྱ་ནག་གཞུང་གིས་ག་དུས་ཡིན་ཡང་བོད་དེ་རྒྱ་ནག་གི་ཁོངས་གཏོགས་ཡིན་ལུགས་བཤད་ནས་རྒྱལ་སྤྱིའི་ནང་བོད་དང་འབྲེལ་བའི་གནས་ཚུལ་གང་འདྲ་ཞིག་ལ་ཡང་ཐེ་བྱུས་བྱེད་ཀྱི་ཡོད་པ་རེད།
ད་རེས་ལྷོ་ཀོ་རི་ཡ་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་སློབ་ཕྲུག་གི་དུས་སྟོན་སྐབས་བོད་དེ་རྒྱ་གར་དང་མཉམ་དུ་བཞག་པར་སློབ་གྲྭ་དེའི་འབྲེལ་ཡོད་ནས་དེ་ནི་ས་ཁོངས་ཐོག་ནས་རྒྱ་གར་དང་བོད་དེ་ས་འབྲེལ་ཡིན་པ་དང་། ལྷག་པར་དུ་སློབ་གྲ་དེའི་ནང་བོད་པ་དང་རྒྱ་གར་གྱི་སློབ་ཕྲུག་ཉུང་ཉུང་ཡིན་སྟབས་རྒྱ་གར་དང་བོད་ཀྱི་སློབ་ཕྲུག་མཉམ་དུ་བཞག་པ་ཞིག་ལས་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་པའི་སྐོར་གསལ་བཤད་བྱས་ཡོད་པ་རེད།  

གསར་འགོད་པ་འཆི་མེད།

མཆན། (0)
Share
དྲ་གནས་ཆ་ཚང༌།