ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཚོགས་འདུག

2017-09-29
གློག་འཕྲིན།
མཆན།
Share
པར་བཀོད།
ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ།
ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ།
tibet.net

ཟླ ༩ ་ཚེས་ ༢༦ ་ཉིན་ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཚོགས་ཏེ་འབྱུང་འགྱུར་ཟླ་ཤས་ནང་གྲོས་ཚོགས་སུ་བོད་དོན་ལས་འགུལ་སྤེལ་ཕྱོགས་ཐད་གྲོས་བསྡུར་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་ཚུགས་སུ་སྤེལ་བའི་གནས་ཚུལ་ནང་། ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་མཛད་སྒོའི་གཏམ་བཤད་སྐབས། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མཱན་མཆོག་གིས་ཉེ་ཆར་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡོ་རོབ་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་གནང་སྐབས། རྒྱ་ཆེའི་མང་ཚོགས་ཀྱིས་བརྩི་བཀུར་ཆེན་པོ་གནང་ཡོད་ལ། རྒྱལ་སྤྱིའི་ནང་༧གོང་ས་མཆོག་གི་མཚན་སྙན་ཇེ་མཐོ་ནས་ཇེ་མཐོར་ཕྱིན་ཡོད་པར་བརྟེན། ང་ཚོས་བོད་དོན་ལ་སྔར་ལས་ལྷག་པའི་འབད་བརྩོན་ཞུ་དགོས་ཞེས་གསུངས་གནང་ཡོད།
དེ་རྗེས་ཡོ་རོབ་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱིས་ཟླ་ཤས་ནང་ཡོ་རོབ་གྲོས་ཚོགས་སུ་ལས་གཞི་ཁག་བཞི་སྤེལ་འཆར་ཡོད་པ་དེ་དག་ནི། བོད་ནང་འབྲོག་པ་གྲོང་བརྡལ་ཅན་དུ་བསྒྱུར་བཞིན་པའི་སྐོར་གློག་བརྙན་གཟིགས་འབུལ་ཞུ་རྒྱུ་དང་། བཙན་བྱོལ་བོད་མིའི་འཚོ་བ་ངོ་སྤྲོད་ཀྱི་པར་རིགས་འགྲེམས་སྟོན། དེ་བཞིན་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་བཞིན་སྐོར་བགྲོ་གླེང་ཚོགས་འདུ། ལྷག་པར་ཡོ་རོབ་གྲོས་ཚོགས་འཐུས་མི་སྐུ་ཚབ་རྣམ་པས་རྒྱ་གར་དུ་གཟིགས་སྐོར་གནང་རྒྱུ་བཅས་ལས་འཆར་ཁག་ལ་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་མོས་མཐུན་གནང་ཡོད། ཅེས་དང་། གཞན་ཡང་སྐུ་ཚབ་དོན་གཅོད་ཀྱིས་ཉེ་ཆར་ཇར་མན་གྱི་དབུ་ཁྲིད་མར་ཀེལ་མཆོག་སྲིད་བློན་དུ་བསྐྱར་དུ་བདམས་པར༧གོང་ས་མཆོག་གིས་འཚམས་འཕྲིན་གནང་ཡོད་སྐོར་དང་། ཡོ་རོབ་ཁུལ་ཆིབས་བསྒྱུར་ཁག་ལེགས་གྲུབ་སྐོར། དེ་བཞིན་ཉེ་ཆར་ཡོ་རོབ་མཐུན་ཚོགས་ཀྱིས་བོད་དང་། ཤིན་ཅང་བཅས་ཀྱི་གནས་སྟངས་ལ་གཞིགས་པའི་གསུང་འཕྲིན་ཞིག་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་ཕུལ་པར་ཐུགས་རྗེ་ཆེ་ཞུས་འདུག
ཚོགས་འདུའི་མཇུག་ཏུ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པའི་སྐུ་ཚབ་མི་ལི་ནི་མཆོག་གིས་རིང་མིན་ཡོ་རོབ་ཁུལ་དུ་བོད་མི་མང་སྤྱི་འཐུས་བཞི་འཚམས་གཟིགས་ཕེབས་རྒྱུའི་ལས་འཆར་ཡོད་པ་ཡང་ངོ་སྤྲོད་གནང་འདུག

གསར་འགོད་པ་སྟག་ལྷ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།