ནིའུ་ཡོག་ཚགས་པར་ཐོག་སྔ་ལོའི་བོད་ཀྱི་གནས་ཚུལ་ངོ་སྤྲོད།

ཨ་མདོ་བླ་བྲང་དགོན་པའི་དགེ་འདུན་པ་གསུམ་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་ཐུབ་སྟེ་ཁོང་རྣམས་པས་སྔ་ལོའི་ཞི་རྒོལ་སྐོར་གྱི་ཞིབ་ཕྲའི་གནས་ཚུལ།
2009-06-22
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎སྔ་ལོའི་ཕྱི་ཟླ་བཞི་པའི་ནང་རྒྱ་ནག་གཞུང་གིས་བོད་ནང་ཞི་བདེ་ལྷིང་འཇགས་ཡོད་ཚུལ་ཕྱི་ཕྱོགས་སུ་བཏོན་ཕྱིར་ཕྱི་རྒྱལ་གྱི་གསར་འགོད་པ་ཉི་ཤུ་ཨ་མདོ་བླ་བྲང་དགོན་པར་གསར་འགྱུར་འགོད་པར་འཁྲིད་སྐབས་དགོན་པའི་དགེ་འདུན་པ་བཅོ་ལྔས་བོད་ནང་རྒྱ་ནག་གཞུང་གི་དབང་བསྒྱུར་འོག་རང་དབང་མེད་པའི་གནས་སྟངས་བཟོད་སྒོམ་མ་ཐུབ་པའི་རྐྱེན་གྱིས་ངོ་རྒོལ་གནང་བའི་སྐོར་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་བའི་གནས་ཚུལ་སྐབས་དེ་དུས་འཛམ་གླིང་ཡུལ་གྲུ་མང་པོའི་བརྙན་འཕྲིན་དང་གསར་འགྱུར་བརྒྱུད་ལམ་ཐོག་ནས་བཏོན་ཡོད་པ་དང་ད་ཆ་དགེ་འདུན་པ་དེ་དག་ཁྲོད་ནས་མི་གྲངས་གསུམ་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་ཐུབ་སྟེ་ཁོང་རྣམས་པས་དེའི་སྐབས་ཀྱི་ཞིབ་ཕྲའི་གནས་ཚུལ་ཨ་རིའི་སྙན་གྲགས་ཆེ་བའི་ཉིན་རེའི་ཚགས་ཤོག་ནོའུ་ཡོག་དུས་བབ་ནང་ཚེས་ཉི་ཤུ་གཅིག་ཉིན་ངོ་སྤྲོད་གནང་བའི་སྐོར་བཏོན་ཡོད་པ་རེད།

དགུང་གྲངས་ཉི་ཤུ་རྩ་བཞིར་ཕེབས་པ་བློ་བཟང་རྒྱ་མཚོ་ལགས་ཀྱིས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོ་བླ་བྲང་དགོན་པར་ཕེབས་སྐབས་ང་ཚོ་དགེ་འདུན་པ་རྣམས་ཀྱིས་རང་གི་སེམས་ནང་ལ་ཡོད་པའི་ཚོར་བ་དེ་བཏོན་རྒྱུའི་གོ་སྐབས་ཤོར་བ་ཡིན་ཚེ་བོད་ནང་གི་དངོས་ཡོད་གནས་ཚུལ་དེ་འཛམ་གླིང་ལ་ཤོད་རྒྱུའི་གོ་སྐབས་ཤོར་རྒྱུ་ཡིན་པར་ཡིད་ཆེས་བྱས་ནས་ཚང་མས་རང་འགུལ་ཐོག་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ཉམས་རྒུད་གཏོང་རྒྱུའི་སྲིད་ཇུས་འཛིན་བཞིན་པའི་དངོས་ཡོད་གནས་ཚུལ་དེ་དག་ཕྱི་ཕྱོགས་ནས་ཤེས་རྟོགས་ཡོང་རྒྱུར་ངོ་རྒོལ་གྱི་སྐད་འབོད་བྱས་པ་ཡིན་ཞེས་དང་ད་དུང་དགེ་འདུན་པ་ཁོང་གིས་བོད་མི་མང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཆིབས་བསྒྱུར་བསྐྱངས་རྒྱུའི་རེ་འདུན་ཤུགས་ཆེ་བཅངས་བཞིན་ཡོད་ན་ཡང་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཡང་བོད་མི་ཚོས་བསྒྲིག་གཤོམ་མི་ཆོག་པའི་བཙན་བཀའ་བཏང་བའི་རྐྱེན་གྱིས་ངོ་རྒོལ་མི་བྱེད་ཀ་མེད་ཀྱི་གནས་སུ་གྱར་བའི་སྐོར་འགྲེལ་བརྗོད་གནང་འདུག

ཡང་དགུང་གྲངས་ཉི་ཤུ་རྩ་བཞི་ལ་ཕེབས་པའི་དགེ་འདུན་བྱམས་དབྱངས་སྦྱིན་པ་ལགས་ཀྱིས་གསུམ་བཅུའི་དུས་དྲན་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་ངོ་རྒོལ་གནང་བའི་གནས་ཚུལ་ཁག་ཨ་མདོ་བླ་བྲང་ཁུལ་དུ་ཁྱབ་ནས་ས་གནས་དགེ་འདུན་པ་དབུས་པའི་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་བྱས་པར་རྒྱ་མིའི་ཉེན་རྟོག་མི་སྣས་དགེ་འདུན་པ་རྣམས་དགོན་པའི་ཕྱིར་བསྐྱོད་མི་ཆོག་པའི་དམ་བསྒྲགས་བཀག་སྡོམ་བྱས་པ་མ་ཟད་མཚན་མོར་དགེ་འདུན་པ་མང་པོ་འཛིན་བཟུང་བྱས་པ་དང་དགེ་འདུན་པ་འགའ་ཤས་ཕྱིར་བྲོས་བྱོལ་དུ་ཕེབས་ནས་དགོན་པ་སྟོང་པ་ཆགས་པའི་གནས་སྟངས་ངོ་སྤྲོད་གནང་བ་དང་འབྲེལ་ཕྱི་ཟླ་བཞི་པའི་ཚེས་བརྒྱད་ཀྱི་དགོང་དྲོ་རླུང་འཕྲིན་བརྒྱུད་ནས་ཚེས་དགུ་ཉིན་ཕྱི་རྒྱལ་གྱི་གསར་འགོད་པ་བླ་བྲང་དགོན་པར་ཡོང་གི་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཏེ་དགེ་འདུན་པ་རྣམས་ཀྱིས་ངོ་རྒོལ་སྐད་འབོད་བྱ་རྒྱུའི་འཆར་གཞི་གནང་བ་སོགས་དེའི་སྐབས་ཀྱི་ལོ་རྒྱུས་ཞིབ་ཕྲ་གསུང་བའི་གནས་ཚུལ་གོང་ཞུས་ཨ་རིའི་ཚགས་ཤོག་ཐོག་བཀོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།