རྒྱ་ནག་གི་སོ་མྱུལ་བྱེད་བཞིན་པའི་གྱོད་དོན་ཁྲིམས་གཏུག་ཕྱིར་འཐེན་བྱས་པའི་ཐད་རྟོག་ཞིབ་དགོས་བའི་འབོད་སྐུལ་གནང་འདུག

2023.01.18
རྒྱ་ནག་གི་སོ་མྱུལ་བྱེད་བཞིན་པའི་གྱོད་དོན་ཁྲིམས་གཏུག་ཕྱིར་འཐེན་བྱས་པའི་ཐད་རྟོག་ཞིབ་དགོས་བའི་འབོད་སྐུལ་གནང་འདུག དྭོགས་གཞི་ཡོད་པའི་ཉེན་རྟོག་པ་(Baimadajie Angwang)་དང་གཞོན་ནུའི་འབོད་སྐུལ་ཡིག་གེ
སྒྲིག་བཟོ། /RFA

ཨ་རིའི་ནེའུ་ཡོག་གི་ཉེན་རྟོག་པ་རང་ལོ་༣༦ཡིན་པའི་(Baimadajie Angwang)་པདྨ་དར་རྒྱས་ངག་དབང་ཟེར་བ་ཞིག་གིས། རང་ཉིད་ཉེན་རྟོག་པ་ཡིན་པའི་གོ་གནས་བེད་སྤྱོད་ལོག་པར་བཏང་བ་དང་། རྒྱ་ནག་གཞུང་གི་ཆེད་དུ་ནེའུ་ཡོག་གྲོང་ཁྱེར་ནང་ཡོད་པའི་བོད་མིའི་སྤྱི་ཚོགས་ལ་སོ་བལྟ་བྱས་པའི་ནག་ཉེས་བཙུགས་ནས། འདས་པའི་ཕྱི་ལོ་༢༠༢༠ལོའི་ཕྱི་ཟླ་༩པའི་ནང་འཛིན་བཟུང་བྱས་ཡོད་ཀྱང་། ཁོང་ལ་ཉེས་འཛུགས་དང་ཁྲིམས་གཏུགས་བྱས་པ་ཁག་ཨ་རིའི་གཞུང་གི་གྱོད་འཛུགས་བྱེད་མཁན་གྱིས་རྒྱུ་མཚན་གསལ་ཁ་མ་བཏོན་པར་ཕྱི་ཟླ་དང་པོའི་ཚེས་༡༣ཕྱིར་འཐེན་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། དེ་བས་ནེའུ་ཡོག་དང་ནེའུ་ཇར་སིའི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་མིང་ཐོག་ནས་ནེའུ་ཡོག་གྲོང་ཁྱེར་གྱི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་(Chuck Schumer)་ལགས་ཀྱི་མཚན་ཐོག་ཡིག་གེ་ཞིག་བཏང་ནས། ནེའུ་ཡོག་གི་ཉེན་རྟོག་པ་རྒྱ་ནག་གི་སོ་མྱུལ་བྱེད་མཁན་དེའི་གྱོད་དོན་ཕྱིར་འཐེན་བྱས་པའི་ཐད་རྟོག་ཞིབ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་། འདི་ཚེས་༡༧ཉིན་བཏང་བའི་འབོད་སྐུལ་ཡིག་གེ་ནང་། ནེའུ་ཡོག་གྲོང་ཁྱེར་གྱི་སྐུ་ཉིད་ཀྱི་ཁྱབ་ཁོངས་འོག་ལ་གནས་ཡོད་པའི་བོད་མི་ཚོའི་ཚབ་བྱས་ནས་ཞུ་དོན་གཙོ་བོ་ཞིག་ནི། ནེའུ་ཡོག་གི་ཉེན་རྟོག་པ་(Baimadaijie Angwang)་ཟེར་བས་ནེའུ་ཡོག་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་མི་སྣ་དང་མཉམ་འབྲེལ་གྱིས་བོད་མི་ཚོའི་ཐོག་སོ་མྱུལ་ལྟ་ཞིབ་བྱས་པའི་ཉེས་འཛུགས་འོག་ཁོང་འཛིན་བཟུང་བྱས་ཡོད་ཀྱང་། ཉེས་འཛུགས་དེ་ཕྱིར་འཐེན་བྱས་པའི་གནས་ཚུལ་ཐོན་ཡོད་པ་དང་། འདས་པའི་དུས་སུ་རྒྱ་ནག་གཞུང་གིས་ཨ་རིའི་ནང་ལ་ཁྲིམས་འགལ་གྱིས་རྒྱ་ནག་གི་གསང་དོན་ལས་ཁུངས་ལ་ལས་ཀ་བྱེད་མཁན་གྱི་མི་སྣ་ཁག་ཅིག་ཨ་རིའི་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་སྔ་ཕྱི་ཐོན་ཡོད་པ་ལྟར། ང་ཚོས་གནས་ཚུལ་འདི་དག་ཚབས་ཆེན་དང་འཇིགས་སྣང་ཅན་ཞིག་ཡིན་པ་ཚོར་གྱི་ཡོད། ང་ཚོ་རྒྱ་ནག་དམར་བོའི་སྲིད་གཞུང་གི་འོག་ནས་བྲོས་བྱོལ་གྱིས་ཨ་རིའི་རྒྱལ་ཁབ་འདི་བདམས་ནས། འགྲོ་བ་མིའི་ཐོབ་ཐང་མཚོན་པའི་རང་དབང་ཆེ་བའི་རང་གི་ཁྱིམ་ཚང་གཉིས་པ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ལ། གོང་ཞུས་སོ་མྱུལ་བའི་གནད་དོན་ཐད་འཐུས་མི་མཆོག་གིས་རྟོག་ཞིབ་བྱེད་དགོས་པའི་འགན་འཁུར་ལེན་དགོས་པ་དང་། ང་ཚོའི་ཚོགས་སྡེ་རྣམས་རྒྱ་ནག་གི་སོ་མྱུལ་ལས་ཁུངས་ཀྱི་འོག་ནས་སྐྱོབ་ཐབས་གནང་དགོས་པའི་འབོད་བསྐུལ་ཞུ་ཡིག་ཅིག་ཕུལ་ཡོད་པ་རེད། དེ་བཞིན་གྲོས་ཚོགས་འཐུས་མི་ཁོང་གིས་འདས་པའི་དུས་སུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། བོད་མི་རྣམས་ཀྱི་ཐོག་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཡང་ཞུས་གནང་ཡོད་འདུག


གསར་འགོད་པ། བློ་བཟང་ཆོས་འཕེལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གི་མི་སེར་གཉིས་ཀྱིས་ཞི་བའི་ལས་འགུལ་ལ་བར་ཆད་བཟོས་རྗེས་ཐེ་ཝན་ནས་ཕྱིར་ཕུད་བཏང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གི་དམ་དྲག་ཡོད་རྐྱེན་རྒྱ་གར་བ་ཚོས་ཐད་འཕུར་གནམ་གྲུ་བརྒྱུད་བར་སྣང་ནས་གངས་རིན་པོ་ཆེར་མཇལ་ཐབས་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎