སྐབས་བཅུ་བདུན་པའི་གྲོས་ཚོགས་བསྐོང་ཚོགས་ཐུབ་མིན་ཐད་དཀའ་ངལ་འཕྲད་སྲིད་པ་ཡིན་འདུག

2021.05.27
སྐབས་བཅུ་བདུན་པའི་གྲོས་ཚོགས་བསྐོང་ཚོགས་ཐུབ་མིན་ཐད་དཀའ་ངལ་འཕྲད་སྲིད་པ་ཡིན་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་།
Lhuboom/RFA

སྤྱི་འཐུས་ཚོགས་གཞོན་དང་རྒྱུན་ལས་ཁག་ཅིག་གིས་དགོངས་པ་ཞུས་ཡོད་པ་དང་སྐབས་བཅུ་བདུན་པའི་གྲོས་ཚོགས་བསྐོང་ཚོགས་ཐུབ་མིན་ཐད་དཀའ་ངལ་འཕྲད་སྲིད་པ་ཡིན་འདུག
འདི་ཚེས་༢༧་ཉིན། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ནས་ཚོགས་གཞོན་གྱི་མཚན་གནས་ནས་དགོངས་ཞུ་གནང་ཡོད་པ་དང་། འདི་ག་རླུང་འཕྲིན་ཁང་གིས་ཁོང་ལ་ལས་ཡུན་ཉིན་ཤས་ལས་ལྷག་མེད་པས་གློ་བུར་དགོངས་ཞུ་གནང་དོན་ག་རེ་ཡིན་ཡིན་བཀའ་འདྲི་ཞུ་སྐབས། ཁོང་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནང་བའི་མང་གཙོ་སྲུང་སྐྱོབ་སླད་བར་ལམ་དཀའ་ངལ་ཇི་འཕྲད་སེལ་ཐབས་ཆེད་དུ་ངོས་ནས་འགན་འཁུར་མུ་མཐུད་དུ་བླངས་བ་ཡིན་མོད། མཐར་དོན་འབྲས་ཡང་དག་ཞིག་མ་བྱུང་བ་དང་། ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་བྱུང་ན་སོ་སོའི་མི་ཚེའི་ནང་བློ་འགྱོད་ཆེ་ཤོས་ཤིག་ཡིན་སྟབས། དེ་བཞིན་ལས་དོན་ཡང་མཇུག་སྐྱོང་བྱ་ཐབས་དཀའ་བས་ངོས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་གྱི་མཚན་གནས་ནས་དགོངས་པ་མ་ཞུ་ཐབས་མེད་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།
ཡང་འདི་ཚེས་༢༦་ཉིན་སྤྱི་འཐུས་དོན་གྲུབ་བཀྲིས་ལགས་དང་། སྤྱི་འཐུས་དགེ་བཤེས་གངས་རི་ལགས། སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་ལགས་བཅས་ནས་སྤྱི་འཐུས་རྒྱུན་ལས་ཀྱི་ལས་གནས་ནས་དགོངས་ཞུ་གནང་ཡོད་ཅིང་། ཁོང་གསུམ་ལྡེབ་ཅིག་ལ་རྒྱུན་ལས་ནས་དགོངས་པ་ཞུ་དགོས་དོན་ནི། སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་ནས་ཚོགས་གཞོན་མཆོག་བདམས་ཐོན་སྲིད་སྐྱོང་མཆོག་གི་དམ་འབུལ་མཛད་སྒོའི་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་བོའི་ཐོག་ནས་ཕེབས་མི་དགོས་པའི་ཐག་གཅོད་གནང་བ་དེ། སྤྱི་འཐུས་རྒྱུན་ལས་ཀྱིས་དེའི་སྔོན་བཏང་བའི་གསལ་བསྒྲགས་ཡིག་ཆ་དེ་རྩིས་མེད་བཏང་བ་ཞིག་ཆགས་ཀྱི་ཡོད་སྟབས་ངོས་ལེན་མེད་ཅེས་དགོངས་པ་ཞུས་ཡོད་པ་དང་། ཡང་འདི་ཚེས་ཉིན་༢༧་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བདམས་ཐོན་སྲིད་སྐྱོང་མཆོག་གི་དམ་འབུལ་མཛད་སྐོར། དྲ་ལམ་བརྒྱུད་བཀའ་སློབ་བསྩལ་གནང་གིས་མཛད་སྒོ་གྲུབ་པའི་ཉིན། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་དང། སྤྱི་འཐུས་དགེ་བཤེས་གོ་བོ་བློ་བཟང་ཕན་བདེ་ལགས་གཉིས་ཀྱིས་ཁྲིམས་ཞིབ་པ་གསུམ་གྱིས་ལས་འཁུར་རྒྱུན་སྐྱོང་གནང་བ་དེ་དང་སྲིད་སྐྱོང་གི་དམ་འབུལ་བཅས་ཁྲིམས་མཐུན་ཆགས་ཀྱི་མེད་པའི་རྒྱུ་མཚན་ལ་བརྟེན་ནས་རྒྱུན་ལས་ནས་དགོངས་པ་ཞུས་ཡོད་པ་དང་། དེ་བཞིན་སྤྱི་འཐུས་དགེ་བཤེས་སྨོན་མཐར་ཕྱིན་ལགས་དང་། སྤྱི་འཐུས་རྒྱུུན་ལས་བསྟན་པ་ཡར་འཕེལ་ལགས་གཉིས་ཀྱིས་ཚོགས་གཙོ་ཚོགས་གཞོན་གཉིས་དགོངས་ཞུ་གནང་བ་དེས་རྒྱུན་ལས་གཙོ་སྐྱོང་དང་། གྲུབ་ཆ་ལོང་གི་མེད་པར་བརྟེན་རྒྱུན་ལས་ནས་དགོངས་པ་ཞུས་ཡོད་པ་སོགས་ཡིག་ཐོག་ནས་གསལ་བཤད་དགོངས་ཞུ་གནང་འདུག
སྤྱིར་སྟངས་སྤྱི་འཐུས་ལ་རྒྱུན་ལས་བཅིུག་ཡོད་པའི་ཁོངས་ནས་ད་ལྟ་རྒྱུན་ལས་བརྒྱད་ཀྱིས་དགོངས་པ་ཞུས་ཡོད་པ་དང་། དེར་བརྟེན་རྒྱུན་ལས་གཙོ་སྐྱོང་གནང་མཁན་མེད་པའི་ཐོག་གྲུབ་ཆ་ཡང་མི་ལོང་བའི་གནས་སྟངས་ཆགས་ཡོད་པ་རེད།
འདི་ག་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ལམ་སྤྱི་འཐུས་རྒྱུན་ལས་ནས་བཅའ་ཁྲིམས་དོན་ཚན་༤༧་ནང་གསལ་ལྟར་འདེམས་ཐོན་སྤྱི་འཐུས་ཁོངས་ནས་སྤྱི་འཐུས་ལས་རྒྱུན་རིང་ཤོས་དེར་སྤྱི་འཐུས་རྒྱུན་ལས་ཀྱིས་བར་བརྒལ་ཚོགས་གཙོར་བསྐོ་གཞག་བྱེད་དགོས། བར་བརྒལ་ཚོགས་གཙོས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་དམ་འབུལ་ཟིན་རྗེས། སྤྱི་འཐུས་རེ་རེ་བཞིན་རང་ཉིད་སྤྱི་འཐུས་ཀྱི་ལས་འཁུར་དུ་མ་ཞུགས་གོང་བར་བརྒལ་ཚོགས་གཙོའི་མདུན་ནས་ལས་འཁུར་དམ་བཅའ་འབུལ་དགོས་ཞེས་གསལ་བ་ལྟར། སྤྱི་འཐུས་ཟླ་བ་ཚེ་རིང་ལགས་བར་བརྒལ་ཚོགས་གཙོར་བསྐོ་གཞག་གནང་ནས། ཚོགས་དྲུང་ལས་ཁུངས་ནས་འདི་ཚེས་༢༧་འཁོད་བདམས་ཐོན་སྤྱི་འཐུས་རྣམ་པ་སོ་སོར་དམ་འབུལ་ལས་རིམ་ཞིག་བཏང་བའི་ནང་། འདི་ཚེས་༢༩་ཉིན་དམ་འབུལ་ཆེད་དུ་ཚོགས་དྲུང་ལས་ཁུངས་སུ་འབྱོར་ཐོ་འགོད་དགོས་པ་དང་། ཚེས་༣༠་ཉིན་དམ་འབུལ་དང་ཚོགས་གཙོ་ཚོགས་གཞོན་འོས་འདེམས་དང་དམ་འབུལ་གནང་རྒྱུ་ཡིན་པ་བཀོད་འདུག ཡིན་ན་ཡང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་དཀའ་ངལ་སོགས་ཀྱི་རྐྱེན་ཉིན་གཉིས་ཀྱི་ནང་འཛམ་གླིང་གི་ས་ཕྱོགས་གང་ས་ནས་སྤྱི་འཐུས་རྣམ་དུས་ཐོག་འབྱོར་རྒྱུར་སྐུ་ངལ་འཕྲད་སྲིད་པ་ཡིན་པས། སྐབས་བཅུ་བདུན་པའི་གྲོས་ཚོགས་འཚོགས་རྒྱུར་དཀའ་ངལ་འཕྲད་སྲིད་པ་ཡིན་འདུག
དེར་བརྟེན་དེའི་ཐད་ལ་ཚོགས་དྲུང་ལས་ཁུངས་སུ་བཀའ་འདྲི་ཞུ་སྐབས། འབྲེལ་ཡོད་ལས་བྱེད་ནས་ཚོགས་དྲུང་མཆོག་ལ་དུས་ཁོམ་མེད་པ་གསུངས་གནང་བྱུང་། མིང་འབོད་གནང་འདོད་མེད་པ་གནད་དོན་རྒྱུད་མངའ་ཡོད་མཁན་ཞིག་གིས་བརྗོད་པ་ལྟར་ན། སྤྱི་འཐུས་ཚོགས་དྲུང་མཆོག་དང་དྲུང་འཕར་རྣམ་གཉིས་དབུས་འོས་བསྡུ་ལས་ཁུངས་སུ་བཅར་ནས། འོས་བསྡུ་ལས་ཁུངས་ཀྱི་གསལ་བསྒྲགས་སྔོན་སོང་ལྟར་གྲོས་ཚོགས་ཚོགས་རྒྱུར་དཀའ་ངལ་ཡོད་པར་ཉིན་ཤས་འཕར་འགྱངས་ཞུས་ན་འགྲིག་མིན་བཀའ་བསྡུར་ཞུས་པར་དབུས་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་སྔོན་སོང་བརྡ་ཐོ་གཏོང་གནང་དགོས་པ་ལས་ཚོགས་འདུ་འཕར་འགྱངས་བྱ་ཐབས་མེད་པ་གསུངས་བར་བརྟེན་ཚོགས་དྲུང་ལས་ཁུངས་ནས་ཛ་དྲག་གི་ཚོགས་བརྡ་བཏང་གནང་བ་ཞིག་ཡིན་འདུག
གནད་དོན་འདིའི་ཐད་ལ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་ལ་སྒེར་གྱི་ཞལ་པར་ཐོག་འབྲེལ་བ་ཞུས་ཀྱང་ཞལ་པར་མཐུད་ཐུབ་ཀྱི་མི་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎