རྒྱལ་ཁབ་གཞན་རྣམས་ནས་ཀྱང་དེ་ལྟར་བློ་སྤོབས་ལྡན་པའི་ཐག་གཅོད་ཡོང་རེ་བྱེད་ཀྱི་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས།

2021.12.13
Share on WhatsApp
Share on WhatsApp
རྒྱལ་ཁབ་གཞན་རྣམས་ནས་ཀྱང་དེ་ལྟར་བློ་སྤོབས་ལྡན་པའི་ཐག་གཅོད་ཡོང་རེ་བྱེད་ཀྱི་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས། ༡༢།༡༣།༢༡
RFA/Dhasa

ཉེ་བའི་ཉིན་ཤས་ནས་བཟུང་། ཨ་རི་དང་ཨོ་གླིང་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་མང་པོས་ཕྱི་ལོ་༢༠༢༢་ལོའི་དགུན་དུས་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་རྒྱ་ནག་ཏུ་འཚོགས་འཁེལ་བའི་སྟེང་གཞུང་འབྲེལ་མི་སྣ་གཏོང་རྒྱུ་མིན་པའི་ཐག་གཅོད་གནང་དང་གནང་བཞིན་ཡོད་པའི་ཐད། ཕྱི་ཟླ་༡༢་ཚེས་༡༣་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱལ་ཁབ་དེ་དག་གིས་སོ་སོའི་དཔལ་འབྱོར་སོགས་ཀྱི་ཁེ་ཕན་ལས་འགྲོ་བ་མིའི་ཐོབ་ཐང་གལ་ཆེ་བར་བརྩིས་པར་རྒྱབ་སྐྱོར་དགའ་བསུའི་གསལ་འགོད་བསྒྲགས་ཤིག་སྤེལ་གནང་ནས། དེ་ནི་དཔའ་མཛངས་སྙིང་སྟོབས་ལྡན་པའི་གནང་སྟངས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། རང་དབང་ཅན་གྱི་རྒྱལ་ཁབ་གཞན་རྣམས་ཀྱིས་ཀྱང་དེ་ལྟར་བློ་སྤོབས་ལྡན་པའི་ཐག་གཅོད་ཡོང་རེ་བྱེད་ཀྱི་ཡོད་ཞེས་རེ་སྐུལ་འབོད་སྐུལ་གནང་ཡོད་པ་རེད།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས། ཐེངས་འདིའི་གསར་འགོད་བསྒྲགས་གཏམ་དང་འབྲེལ་རྒྱ་ནག་གཞུང་ལ་བརྡ་ལན་གཙོ་བོ་ཞིག་ང་ཚོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ངོས་ནས་ད་བར་བོད་རྒྱ་འབྲེལ་མོལ་བྱེད་རྒྱུར་གྲ་སྒྲིག་ཡོད་པའི་རྣམ་པ་ག་དུས་ཡིན་ན་སྟོན་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གི་ངོས་ནས་ད་བར་བཟང་ཕྱོགས་ཀྱི་བརྡ་ལན་གང་ཡང་མེད་པས། མ་འོངས་པར་དངོས་ནས་བོད་ནང་ཞི་བདེ་དང་རྒྱ་ནག་ནང་སྤྱི་ཚོགས་འཆམ་མཐུན་ཞིག་ཡོང་དགོས་པ་ཡིན་ན། བོད་ཀྱི་གནས་སྟངས་དེ་བཏང་སྙོམས་འཇོག་ཐབས་མེད་སྟབས། རྒྱ་ནག་གཞུང་ཕྱོགས་ནས་གནད་དོན་དེར་བསམ་བློ་བཏང་ནས་གཉིས་ཕན་གྱི་ལམ་ཁ་ཞིག་འཚོལ་ཐབས་དགོས་པ་དེ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།
ད་ལྟའི་ཆར་རྒྱལ་སྤྱིའི་སྟེང་ཨ་རི་དང་ཁེ་ཎ་ཌ། ཨོ་སུ་ཊི་ལེ་ཡ། དབྱིན་ཡུལ། ཉི་ཧོང་། ནེའུ་ཛི་ལན་ཌི་བཅས་རྒྱལ་ཁབ་མང་དག་ཅིག་གིས་རིམ་པ་བཞིན། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཤུགས་ཆེན་གཏོང་བཞིན་པའི་གནད་དོན་འགན་ལེན་ཆེད་ཕྱི་འབྲེལ་དང་གཞུང་འབྲེལ་མི་སྣ་གཏོང་གི་མེད་པ་དང་། ད་ལྟའི་ཆར་རྒྱ་གར་གཞུང་ཕྱོགས་ནས་དམིགས་བསལ་རྒྱ་ནག་གི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་ཐད་སྐད་ཆ་བཤད་མེད་པ་དང་། སྤྱི་འཐུས་ཚོགས་གཙོ་མཆོག་ནས་ད་ལྟའི་ཆར་རྒྱལ་སྤྱིའི་རྒྱལ་ཁབ་ཁག་མང་པོ་ཞིག་གིས་རྒྱལ་ཁབ་སོ་སོའི་དཔལ་འབྱོར་གྱི་ཁེ་ཕན་ལ་མ་བལྟོས་པར། འགྲོ་བ་མིའི་ཐོབ་ཐང་གལ་ཆེན་བརྩིས་ཏེ་རྒྱ་ནག་གི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་སྟེང་གཞུང་འབྲེལ་མི་སྣ་གཏོང་གི་མེད་པར་ངོ་རྒོལ་བྱེད་བཞིན་པར་དགའ་བསུ་ཡོད་ལ། རྩ་བས་ང་ཚོའི་ངོས་ནས་རྒྱ་གར་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་ཚོར་འབོད་སྐུལ་ཞུ་བཞིན་ཡོད་པ་རེད་ལ། དེ་མིན་རྒྱ་གར་གཞུང་གི་ངོས་ནས་ཕྱི་འབྲེལ་འབྲེལ་ལམ་འཛིན་སྟངས་དང་ཐག་གཅོད་ག་རེ་གནང་བ་ཡིན་ན། དེ་ལ་ང་ཚོའི་ངོས་ནས་གུས་བརྩི་ཞུ་རྒྱུ་ལས་གཞན་ཞུ་རྒྱུ་གང་ཡང་མེད་སྐོར་གསུངས་སོང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དེ་འབྲེལ་གསར་འགོད་བསྒྲགས་གཏམ་ནང་། རྒྱ་ནག་དམར་གཞུང་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་རྒྱལ་སྤྱིའི་གཞི་རྩའི་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་ཁག་རྩིས་མེད་རྡོག་རོལ་བཏང་སྟེ། བོད་ནང་ཡོད་པའི་ང་ཚོའི་གཞིས་བཞུགས་སྤུན་ཟླ་ཚོར་མུ་མཐུད་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་ཡོད་པ་མ་ཟད། རྒྱའི་བཙན་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་གཞན་རྣམས་ནས་ཀྱང་དེ་མཚུངས་མནར་གཅོད་མྱངས་དང་མྱོང་བཞིན་ཡོད་པ་བཀོད་ཡོད་པ་དང་། ཚོགས་གཙོ་མཆོག་ནས་རྒྱལ་སྤྱིའི་རང་དབང་ཅན་གྱི་རྒྱལ་ཁབ་གཞན་ཁག་གི་དབུ་འཁྲིད་རྣམ་པས་མུ་མཐུད། འགྲོ་བ་མིའི་རིན་ཐང་དང་། བཟང་སྤྱོད། བདེན་པ་བཅས་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་གནང་སྟེ། པེ་ཅིང་དགུན་ཁའི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ཐོག་གཞུང་འབྲེལ་མི་སྣ་མཉམ་ཞུགས་གནང་རྒྱུ་མིན་པའི་ཐག་གཅོད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་སྐོར་གསུངས་སོང་།
ད་དུང་གསར་འགོད་བསྒྲགས་གཏམ་ནང་། བོད་མིའི་སྒྲིག་འཛུགས་ནི་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་སྐུ་ཚབ་དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་མིའི་སྒྲིག་འཛུགས་ཀྱི་བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་ཡིན། དེ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཐོག་གཏན་འབེབས་གནང་བ་ཞིག་ཆགས་ཡོད།
ཕྱི་ལོ་༢༠༡༠་ལོའི་ནང་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་གནང་བའི་རྗེས་འབྲེལ་མོལ་མཚམས་ཆད་པ་དང་། དུས་དེ་ནས་བཟུང་ད་བར་ང་ཚོའི་ངོས་ནས་འབྲེལ་མོལ་མཐུད་ཐབས་སླད་ཐབས་ཤེས་བྱས་ཡོད་ཀྱང་། རྒྱ་གཞུང་ནས་དེར་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་སྤྲད་མེད། རང་དབང་ལྡན་པའི་རྒྱལ་ཁབ་ཁག་གིས་སོ་སོའི་གཞུང་འབྲེལ་མི་སྣ་རྩེད་འགྲན་ཐོག་གཏོང་རྒྱུ་མིན་པའི་ཐག་གཅོད་གནང་བ་དེས་འགྲོ་བ་མིའི་རིན་ཐང་ལས་གལ་ཆེ་བ་ཞིག་མེད་པའི་བརྡ་ལན་གསལ་པོ་སྤྲོད་ཀྱི་ཡོད་སྐོར་བཀོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎