སྤྱི་འཐུས་གྲོས་ཚོཊ་ནས་སྔོན་རྩིས་ཧིན་སྒོར་ས་ཡ་གཉིས་སྟོང་ལྔ་བརྒྱ་ལྷག་བཀའ་འཁྲོལ་གནང་།
2019.03.29
སྤྱི་འཐུས་ལྷན་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༡༩།༢༠ལོའི་ལས་ཁུངས་མ་ལག་དང་བཅས་བའི་སྔོན་རྩིས་ཧིན་སྒོར་ས་ཡ་༢༥༠༥༦༦༣༧༩༨་བཀའ་འཁྲོལ་གཏན་འབེབས་གནང་ཡོད་པ་རེད།
དེ་ཡང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་མཐའ་མ་འདི་ཚེས་༢༩ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་༢༠༡༩།༢༠ལོའི་སྔོན་རྩིས་གྲོས་ཚོགས་སུ་བཀའ་འཁྲོལ་སླད་འཆར་འབུལ་ཞུས་པར་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་ཡོད་པ་རེད།
སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས་མཇུག་བསྡོམས་གསུངས་བཤད་ནང་བའི་ནང་། ཐེངས་འདིའི་གྲོས་ཚོགས་ནང་བྱུང་བའི་ལས་རིམ་ཁག་ངོ་སྤྲོད་དང་སྦྲགས་དབུ་མའི་ལམ་གྱི་སྲིད་བྱུས་འདི་བཞིན་དོན་ངོ་མར་རྩ་བའི་སྤྱི་ནོར་༧གོང་སྐྱབས་མོན་ཆེན་པོ་མཆོག་གི་དགོངས་གཞི་ཡིན་པ་གང་ཞིག་ལ་གཞིས་བྱེས་གཉིས་ཀྱི་བོད་མིས་རྒྱབ་སྐྱོར་གྱི་ཐོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་བ་ཞིག་ཆགས་ཡོད་ཅེས་དང་། ད་རེས་གྲོས་ཚོགས་ནང་དོལ་རྒྱལ་རྗེས་འབྲངས་པ་དང་འབྲེལ་བའི་སྐོར་གླེང་སློང་བྱུང་བའི་ཐད་བོད་མི་ཞིག་ཡིན་ཕྱིན་སྲུང་དགོས་པ་མང་པོ་ཞིག་ཡོད་པ་དེ་དག་སྲུང་དགོས་ཀྱི་རེད་ཅེས་གསུངས་གནང་སོང་།
དེ་བཞིན་ཚོགས་གཙོ་མཆོག་གིས། ད་རེས་གྲོས་ཚོགས་ཐོག་སྲིད་སྐྱོང་མཆོག་ནས་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་བཀའ་བློན་འོས་གཞིར་འདོན་གནང་བར་བརྒྱ་ཆ་ལོན་མིན་སྐོར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་འདྲི་རྩད་བྱུང་བའི་ཐད་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་མཐུན་འདེམས་ཐོན་བྱུང་བ་དེ་རང་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་ནན་བརྗོད་གནང་ཡོད། འོན་ཀྱང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ད་བར་སྤྱི་འཐུས་གྲོས་ཚོགས་ཀྱི་ངོས་འཛིན་དེར་ངོས་ལེན་གནང་མེད་སྟབས། བཀའ་དྲུང་སྟོབས་རྒྱལ་ལགས་བཀའ་བློན་གྱི་ལས་ཁུར་དམ་བཅའ་དུས་ནམ་ཞིག་ལ་འབུལ་ཐུབ་མིན་གསལ་ཁ་མེད་པའི་གནས་སུ་གྱར་ཡོད་པ་རེད།
ཡང་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་སྤྱི་ནོར་༧གོང་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་སྐབས་རྒྱ་གར་མངའ་སྡེའི་གྲོས་ཚོགས་འཐུས་མི་ཚོར་འབྲེལ་མཐུད་བྱེད་དགོས་པ་མ་ཟད། དམིགས་བསལ་བོད་མི་གནས་སྡོད་ས་གནས་གྲོས་ཚོགས་འཐུས་མི་ཚོར་འབྲེལ་བ་བྱེད་དགོས་པ་བཀའ་ཕེབས་ལྟར་ཚང་མས་འདིའི་ཐོག་འབད་བརྩོན་གནང་རོགས་ཞེས་སྐུལ་མ་གནང་ཡོདཔ་རེད།
ཐེངས་འདིའི་གྲོས་ཚོགས་ནང་བཀའ་ཤག་གི་གསལ་བཤད་ཐོག་སྤྱི་འཐུས་རྣམ་པས་དགོངས་ཚུལ་ཕེབས་པའི་ཐད་སྲིད་སྐྱོང་མཆོག་ནས་ལན་འདེབས་གསལ་བཤད་གནང་སོང་བ་མ་ཟད།
མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་༩ པའི་སྙན་ཐོའི་ཐོག་འཛིན་སྐྱོང་བཀའ་ཤག་ནས་མཇུག་སྐྱོང་ཕྱག་བསྟར་དགོས་སྐོར་ཚོགས་གཙོ་མཆོག་ནས་ལམ་སྟོན་གནང་ཡོད།