བོད་མིས་ཨེ་ཊ་ལའི་ས་ཡོམ་ལ་གདུང་སེམས་མཉམ་བསྐྱེད་གནང་བ།

2016-08-26
གློག་འཕྲིན།
མཆན།
Share
པར་བཀོད།
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་དུས་དང་པོའི་སྐབས། ༢༠༡༦།༦།༣
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་དུས་དང་པོའི་སྐབས། ༢༠༡༦།༦།༣
བསྟན་འཛིན་དོན་ཡོད། /RFA

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨེ་ཊ་ལིར་ས་ཡོམ་གྱི་གོད་ཆག་ཕོག་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གསུང་འཕྲིན་བསྩལ་འདུག
དེ་ཡང་ཕྱི་ཟླ་༨་ཚེས་༢༤་ཉིན་ཨེ་ཊ་ལིའི་དབུས་ཕྱོགས་ས་ཁུལ་ཁག་གཅིག་ནང་ས་ཡོམ་ཤུགས་ཚད་༦་ཡན་ཞིག་བརྒྱབ་སྟེ། ད་བར་མི་གྲངས་༢༥༠་ལྷག་འདས་གྲོངས་སུ་གྱུར་ཡོད་པ་མ་ཟད། སྡོད་ཁང་ཧ་ཅང་མང་པོ་ཞིག་རལ་དུ་སོང་བ་སོགས་ལ་བརྟེན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ཕྱི་ཚེས་༢༦་ཉིན་ཨེ་ཊ་ལིའི་སྲིད་འཛིན་སྐུ་ཞབས་སར་ཇིའོ་མ་ཏ་རེལ་ལ་(Mr Sergio Mattarella)་མཆོག་གི་མཚན་ཐོག་ཏུ་གདུང་སེམས་མཉམ་བསྐྱེད་ཀྱི་འཕྲིན་ཡིག་ཕུལ་བའི་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐེངས་འདིར་དབུས་ཨེ་ཊ་ལིའི་ཁུལ་དུ་ས་ཡོམ་བརྒྱབ་པའི་རྐྱེན་གྱིས་མི་གྲངས་ཧ་ཅང་མང་པོའི་ཚེ་སྲོག་ཤོར་བར་སྙིང་ཐག་པ་ནས་སེམས་གསོ་དང་། གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། ཕྱི་ལོ་༢༠༠༩་ལོར་ཨེ་ཊ་ལིའི་གྲོས་ཚོགས་དང་མི་མང་གི་རྒྱབ་སྐྱོར་སོགས་ལ་བརྟེན་ནས་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཐེངས་༥་ཨེ་ཊ་ལིའི་རྒྱལ་ས་རོམ་དུ་ཚོགས་ཐུབ་པ་བྱུང་ཡོད་པ་སོགས་ཨེ་ཊ་ལིས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་པ་དེར་བཀའ་དྲིན་བསམ་ཤེས་ཐོག ད་སྐབས་ཁྱེད་རྣམས་དཀའ་ངལ་ཧ་ཅང་འཕྲད་བཞིན་པའི་དུས་སྐབས་འདིར་ང་ཚོས་ཨེ་ཊ་ལིའི་གཞུང་མང་གཉིས་ལ་སྙིང་ཁུང་རུས་པའི་གཏིང་ནས་གདུང་སེམས་མཉམ་སྐྱེ་དང་སེམས་གསོ་ཞུ་རྒྱུ་ཡིན།   
ད་དུང་འབྱུང་བའི་གོད་ཆག་ལ་བརྟེན་ནས་འདས་གྲོངས་སུ་གྱུར་བ་རྣམས་ལ་སྨོན་ལམ་ཞུ་རྒྱུ་དང་། ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་དཀའ་སྡུག་ཧ་ཅང་ཆེ་བའི་དུས་སྐབས་འདིར་སྙིང་སྟོབས་ཆེན་པོས་གདོང་ལེན་གནང་ཐུབ་པ་དང་། མི་རིང་བར་སྔར་མུས་བཞིན་ཞི་བདེའི་འཚོ་བར་རོལ་ཐུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།