༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་བཞེད་མི་ཡོང་བའི་གསོལ་འདེབས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་༧གོང་ས་མཆོག་ལ་བགྲེས་ཡོལ་ཕེབས་བཞེད་ནམ་ཡང་མི་མཛད་པའི་གསོལ་འདེབས་ཞུས་ཡོད་འདུག

2011.01.06

༄༅༎བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བགྲེས་ཡོལ་ཕེབས་བཞེད་ནམ་ཡང་མི་མཛད་པའི་གསོལ་འདེབས་ཞུས་ཡོད་འདུག

དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་ཁ་ས་གནས་ཚུལ་སྤེལ་བར་གཞིགས་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཐོག་ནས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་འཁོད་སྙན་ཞུ་ཞིག་ཕུལ་ཡོད་པ་དེའི་ནང་། བར་ལམ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་རིམ་ཕེབས་ནང་བགྲེས་ཡོལ་ཆ་ཚང་ཕེབས་རྒྱུའི་སྐོར་བཀའ་གནང་བ་ནི་བོད་འབངས་ཡོངས་ཀྱི་འཕྲལ་ཕུགས་བདེ་ཐབས་སུ་ཐུགས་བརྩེ་བ་ཤིན་ཏུ་ཆེ་བའི་རླབས་ཆེན་གྱི་དགོངས་གཞི་ཡིན་པ་ནི་སྨོས་ཅི་དགོས། འོན་ཀྱང་བདག་ཅག་གདུལ་ཞིང་ངམ་སྐྱོང་ཡུལ་དུ་སངས་རྒྱས་ཀྱི་བཀའི་ལུང་གིས་ཟིན་པའི་ཐོག་སྔོན་གྱི་ཐུགས་བསྐྱེད་དམ་བཅའ་བཙན་པོ་ཡོད་པ་བཅས་བོད་འབངས་རྣམས་མགོན་པོ་གང་ཉིད་ཀྱི་ཆོས་སྲིད་ཀྱི་ཡང་དག་པའི་དབུ་འཁྲིད་ལས་བསྐལ་བ་ཇི་སྲིད་བར་དུའམ་དུས་ནམ་ཡང་བྲལ་ཐབས་མེད་ངེས་ལགས་ན། ཕྱི་ལོ་༢༠༠༨ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་དགུ་པའི་འོག་དམིགས་བསལ་ཚོགས་ཆེན་དང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སྔ་རྗེས། ལྷག་པར་དུ་ཕྱི་ལོ་༢༠༡༠ལོར་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ནས་གྲོས་ཆོད་དགོངས་དོན་རྒྱ་གར་ལྷོ་ཕྱོགས་སུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་བསྐོངས་ཚོགས་གནང་བའི་མཇུག་སྡོམས་སྙན་ཐོའི་ཁོངས་ཆབ་སྲིད་དང་འབྲེལ་བའི་དོན་ཚན་དང་པོ་ཉིད་དུ།

༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་བོད་རྒྱལ་ཁབ་ཆེན་པོའི་དབུ་འཁྲིད་དང་། བོད་གཞུང་གི་དབུ་འཁྲིད་ཀྱི་ཐུགས་འགན་རྐང་བཞེས་གནང་བར་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་བཀྲིན་བླ་ན་མེད་དུ་ཆེ་ཞུ་དང་སྦྲགས་གང་ཉིད་ཀྱིས་ཕྱེད་བགྲེས་ཡོལ་ཡིན་པའི་སྐོར་བཀའ་སློབ་གནང་བ་དེས་གཞིས་བྱེས་བོད་མི་ཡོངས་ལ་ཟས་བཅུད་གཉིད་བྲལ་གྱི་བློ་འཚབ་ཧ་ཅང་ཆེན་པོ་ཡོང་བཞིན་པར་བརྟེན་དེ་འདྲའི་དགོངས་བཞེད་ནམ་ཡང་མི་མཛད་པའི་ཚོགས་ཆེན་འདི་ཐོག་ནས་སྙན་སེང་ཞུ་རྒྱུ་ཞེས་སྤྱི་མོས་ཀྱིས་གཏན་འབེབས་ཞུས་ཡོད་པ་བཅས་ལ་བརྟེན་མགོན་པོ་གང་ཉིད་ཕྱེད་བགྲེས་ཡོལ་ལམ་བགྲེས་ཡོལ་དུ་ཕེབས་བཞེད་ནམ་ཡང་མི་མཛད་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་རྒྱུ་ཡིན་ཞེས་ཞུས་ཡོད་འདུག ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ཟླ་བ་འགའ་ཤས་ནང་མང་ཚོགས་དང་གསར་འགོད་པའི་བཅར་འདྲི་དང་ལེན་སྐབས་རིང་མིན་བོད་མི་སྤྱི་འཐུས་ཀྱི་ཚོགས་དུས་སུ་བགྲེས་ཡོལ་ཆ་ཚང་ཕེབས་རྒྱུའི་སྐོར་ཡིག་ཐོག་ནས་གནང་རྒྱུ་ཡིན་ལུགས་གསུངས་ཡོད་པ་ལས་བོད་མིའི་རྩ་དོན་ཐོག་ཐུགས་འགན་བཞེས་རྒྱུ་མཚམས་འཇོག་གནང་རྒྱུ་མིན་ཞེས་གསལ་བཤད་ཀྱང་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎