བདམས་ཐོན་སྤྱི་འཐུས་རྣམ་པའི་ནང་མོལ་ཚོགས་འདུའི་ཐོག་ནས་དམ་འབུལ་དང་འབྲེལ་བའི་དཀའ་རྙོག་ཐད།༸གོང་ས་མཆོག་ལ་སྙན་གསེང་སྒྲོན་ཟིན་ཡོད་འདུག

2021-09-30
Share
བདམས་ཐོན་སྤྱི་འཐུས་རྣམ་པའི་ནང་མོལ་ཚོགས་འདུའི་ཐོག་ནས་དམ་འབུལ་དང་འབྲེལ་བའི་དཀའ་རྙོག་ཐད།༸གོང་ས་མཆོག་ལ་སྙན་གསེང་སྒྲོན་ཟིན་ཡོད་འདུག
Photo: RFA

བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་སྐབས་༡༧ པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་དབར་ཉིན་གཉིས་དང་ཕྱེད་ཀའི་རིང་དམ་འབུལ་དང་འབྲེལ་བའི་དཀའ་རྙོག་སེལ་སླད། ནང་མོལ་ལྷན་ཚོགས་ཤིག་ཚོགས་གནང་ཡོད་ཅིང་། འདི་ག་རླུང་འཕྲིན་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། བདམས་ཐོན་སྤྱི་འཐུས་རྣམ་པས་ད་ལྟའི་དཀའ་རྙོག་འདི་སེལ་སླད་ཐབས་ལམ་མི་འདྲ་བ་ཁག་འགའ་ཤས་ཐོག་བགྲོ་གླེང་གནང་ཡོད་ཚོད་འདུག་པ་དང་། མཐའ་མ་དེ་བདམས་ཐོན་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཀྱིས་གསང་བའི་འོས་འཕེན་གྱི་ལམ་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བར་ལམ་གནས་ཚུལ་གྱི་བྱུང་རིམ་ཞིབ་ཕྲ་དང་། ནང་མོལ་ཚོགས་འདུའི་ཐོག་ནས་ནང་ཁུལ་འགྲིག་ཐབས་ཀྱི་ཐབས་ལམ་གཞན་མ་བྱུང་བར་སོང་།
ལྷ་དགོངས་དྭངས་བ་དང་ལམ་སྟོན་བཀའ་སློབ་མ་ཞུ་ཐབས་མེད་ཀྱིས་བཀའ་སློབ་ཅི་ཕེབས་སྒྲུབ་རྒྱུའི་གསོལ་འདེབས་སྙན་གསེང་སྒྲོན་རྒྱུའི་ཐག་གཅོད་བྱུང་བ་གཞིར་བཟུང་། འདི་ཚེས་༢༩ ཉིན་གྱི་ཕྱེད་ཡོལ་ནང་མོལ་ཚོགས་འདུའི་གཙོ་སྐྱོང་པ་བདམས་ཐོན་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་། བདམས་ཐོན་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས། བར་བརྒལ་ཚོགས་གཙོ་བདམས་ཐོན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་བཅས་སྐུ་ཚབ་གསུམ་དགའ་ལྡན་ཕོ་བྲང་ཡིག་ཚང་དུ་ཆེད་བཅར་ཀྱིས་མཚན་འཁོད་སྙན་ཞུ་སྒྲོན་འབུལ་ཞུས་ཟིན་ཡོད་འདུག
འདི་ཚེས་༢༩ ཉིན་གྱི་ཉིན་རྒྱབ་གསར་འགོད་པས་ཚོགས་འདུ་གཙོ་སྐྱོང་བ་བདམས་ཐོན་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་སུ་ཚོགས་འདུའི་ནང་དོན་དང་འབྲེལ་བའི་སྐོར་བཅར་འདྲི་ཞུས་སྐབས་ཁོང་གིས་ད་ལྟའི་ཆར་གསར་འགྱུར་བརྒྱུད་ལམ་ཁག་ལ་གང་ཡང་གསུང་རྒྱུ་མིན་པའི་ཐག་གཅོད་བྱུང་བ་དང་། གལ་ཏེ་བརྒྱུད་ལམ་ཁག་ལ་གསལ་བསྒྲགས་བྱེད་དགོས་པའི་གནས་སྟངས་ཆགས་ཚེ་རྗེས་སུ་འབྲེལ་བ་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བར་གཞིགས་ན། ཉིན་ཤས་རྗེས་ལ་ཚོགས་འདུའི་གྲུབ་དོན་དང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཅི་ཕེབས་དང་འབྲེལ་བའི་སྐོར་འབྲེལ་གནས་ཚུལ་ཁ་གསལ་ཆགས་རྒྱུ་ཡིན་པ་རེད།
གསར་འགོད་པ། ཨོ་རྒྱན་བསྟན་འཛིན།
རྩོམ་སྒྲིག་པ། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།