བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་དེ་ལྡི་ལིར་རྒྱ་གར་གྱི་དཔོན་རིགས་ཁག་ལ་བོད་དོན་ཞུ་སྐུལ་གནང་བཞིན་འདུག
2024.08.06
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་འགོ་བཙུགས་ཡོད་པ་ཚོགས་དྲུང་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་འདུག
འདི་ནི་རྒྱ་གར་གྱི་སྔོན་རྩིས་གྲོས་ཚོགས་འཚོགས་བཞིན་པའི་སྐབས་དང་བསྟུན། ཕྱི་ཟླ་ ༨ ཚེས་ ༥ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་སྡེ་ཚན་གཉིས་ལ་ཆ་བགོས་ཀྱིས་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་། གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་རྒྱུའི་ལས་རིམ་ཡིན་པ་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྟེ་བོད་དོན་ཞུ་སྐུལ་ཚོགས་ཆུང་ཁག་གཉིས་ཀྱིས་རྒྱ་གར་གྱི་མངའ་སྡེ་ཁག་བཞི་དང་། སྲིད་དོན་ཚོགས་པ་ཁག་མི་འདྲ་བ་གསུམ་གྱི་འཐུས་མི་བདུན་དང་མཇལ་འཕྲད་གནང་ཡོད་པ་རེད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ལོ་ལྔ་རེའི་མཚམས་སུ་རྒྱ་གར་གྲོས་ཚོགས་འཐུས་མིའི་འོས་བསྡུ་བྱེད་བཞིན་པ་ལྟར། གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་བྱེད་དགོས་པའི་དུས་སྐབས་དང་བསྟུན། རྒྱ་གར་གྱི་དཔོན་རིགས་དང་གྲོས་ཚོགས་འཐུས་མི་ཚོར་ད་ལྟའི་བོད་ནང་གི་གནས་སྟངས་དང་། རྒྱ་ནག་གཞུང་གིས་གཉེར་པའི་བཅའ་སྡོད་སློབ་གྲྭའི་སྐོར། ཀིརྟི་དགོན་པའི་གྲྭ་ཆུང་ཚོ་དགོན་པར་མ་བཞག་པར་བཅའ་སྡོད་སློབ་གྲྭར་བསྐྱོད་བཅུག་པ་སོགས་བོད་ནང་གི་གནས་སྟངས་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་སྐོར་ངོ་སྤྲོད་དང་གོ་རྟོགས་སྤེལ་རྒྱུ། རོགས་རམ་གནང་སྐྱོང་ཡོང་བའི་ཞུ་སྐུལ་གྱི་ཆེད་དུ་ཡིན་ཞེས་གསུངས་བྱུང་།
ཕྱི་ཟླ་ ༨ ཚེས་ ༧ གྱི་དགོང་མོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་བྱུང་བའི་ཚོགས་མི་རྣམ་པར་དགོང་དྲོའི་གསོལ་སྟོན་གོ་སྒྲིག་གནང་འདུག་ལ། མཛད་སྒོའི་ཐོག་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་སུར་འཇིཏ་ཀུ་མར་(Sujeet kumar) ལགས་སུ་ཐུགས་རྗེ་ལེགས་འབུལ་དང་། ཚོགས་གཙོ་གསར་པ་ སྦར་ཏུརུ་ཧ་རི་ མཧ་ཏབ་ (Bhartruhari Mahtab) ལགས་དང་ཏཔིར་གྷའོ་ (Tapir Gao) ལགས་གཉིས་ལ་མཚམས་འདྲི་ཞུས་གནང་འདུག
རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་ སུར་འཇིཏ་ཀུ་མར་ (Sujeet kumar) ལགས་ཀྱིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། བཙན་བྱོལ་བོད་མིའི་སྤྱི་འཐུས་རྒྱུན་ལས་བཅས་དང་འབྲེལ་འདྲིས་བྱུང་བར་དགའ་པོ་བྱུང་། རྒྱ་གར་གྲོས་ཚོགས་ནང་བོད་དོན་སྐོར་ལ་གྲོས་མོལ་བྱེད་མཁན་གྱི་རྒྱ་གར་གྱི་ཚོགས་པ་ཞིག་གི་འཐུས་མི་ཡིན་པའི་ཆ་ནས་བོད་དོན་ཐོག་ལ་རྒྱབ་སྐྱོར་ཞུ་གི་ཡོད་པ་དང་། མ་འོངས་པར་ཡང་བོད་དོན་ཐོག་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་དོན་ཞུ་སྐུལ་ཚོགས་ཆུང་གཉིས་ཐུན་མོང་གི་ཐོག་རྒྱ་གར་ལྡི་ལི་མངའ་སྡེའི་གྲོས་ཚོགས་སུ་ཆེད་ཕེབས་གནང་བ་དང་། སྐབས་དེར་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རམ་ནི་ཝ་སི་ གྷོཡེལ་མཆོག་དང་། (AAP) མི་མང་དཀྱུས་མའི་སྲིད་དོན་ཚོགས་པའི་ཚོགས་མི་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་དྷན་ལཱལ་སོགས་དང་མཇལ་འཕྲད་སྐབས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་འཕགས་བོད་གཉིས་ཀྱི་ལོ་རྒྱུས་ཀྱི་འབྲེལ་བ་དང་བོད་མི་བཙན་བྱོལ་བ་ཆགས་ནས་ལོ་ངོ་ ༦༥ རིང་བོད་དོན་ཐོག་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་ཞུས་པ་དང་སྦྲགས། གཙོ་བོ་ད་ལྟའི་ཆར་བོད་ནང་སྔར་ལྷག་དམ་དྲག་དང་ཛ་དྲག་ཆེ་རུ་འགྲོ་བཞིན་པའི་གནས་སྟངས་དང་འབྲེལ་ཉེ་བའི་ཆར་རྒྱ་ནག་གཞུང་གིས་བོད་མདོ་སྨད་ལྷ་མོ་ཀིརྟི་དགོན་པའི་གྲྭ་ཆུང་རྣམས་བཙན་ཤེད་ཀྱིས་རྒྱ་གཞུང་གི་གཏན་འཇགས་སློབ་གྲྭར་སློབ་འཇུག་བྱེད་བཅུག་པ་དང་། ད་ལོའི་ཕྱི་ཟླ་ ༧ ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས་མགོ་ལོག་ཏུ་ཡོད་པའི་བོད་ནང་གི་སྙན་གྲགས་ཅན་གྱི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙན་དབང་གིས་སྒོ་བརྒྱབ་བཅུག་པ་སོགས་ཀྱི་གནས་སྟངས་གསལ་བཤད་ཀྱིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་དང་བཅས་པ་ཉམས་དམས་རྩ་བརླག་ཏུ་གཏོང་རྒྱུའི་དམིགས་ཡུལ་བཟུང་བའི་ཐོག སྔར་ལྷག་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་གྱིས་བོད་རིགས་རྣམས་རྒྱ་རིགས་ནང་མཉམ་བསྲེས་གཏོང་བཞིན་ཡོད་པ་དང་། བྱིས་པ་ཚུན་ཆད་ཀྱི་རིགས་རྫས་བསྡུ་ལེན་དང་། ལྟ་སྲུང་བརྙན་མིག་གང་སར་བཙུགས་ནས་བོད་མིའི་འགུལ་བསྐྱོད་ཡོངས་རྫོགས་ལ་དམ་དྲག་བྱེད་བཞིན་ཡོད་པ་རེད་ཅེས་པ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞིབ་ཕྲ་ངོ་སྤྲོད་གནང་ཡོད་འདུག།
གསར་འགོད་པ། བསྟན་འཛིན་ཐར་འདོད། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།