དེ་སྔ་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་འོག་ཚུད་མྱོང་མཁན་བོད་ཀྱི་ན་གཞོན་སྙན་ངག་པ་ཞིག་འདས་གྲོངས་སུ་སོང་ཡོད་འདུག

2021.08.20
Share on WhatsApp
Share on WhatsApp
དེ་སྔ་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་འོག་ཚུད་མྱོང་མཁན་བོད་ཀྱི་ན་གཞོན་སྙན་ངག་པ་ཞིག་འདས་གྲོངས་སུ་སོང་ཡོད་འདུག
བོད་འབྱོར།

ཟླ་འདིའི་ཕྱི་ཚེས་༡༩ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ནས་ཡིན་པ།བོད་མི་ན་གཞོན་སྙན་ངག་པ་དེ་སྔ་རྒྱ་ནག་གཞུང་གིས་འཛིན་བཟུང་དང་བཀག་ཉར་སོགས་ནང་ཚུད་མྱོང་བ་ཚེ་དཔའ་འམ་སྨྱུག་མིང་ལ་འཕྱན་བྷང་ལགས།ཆང་འཐུང་བའི་ནད་གཞིའི་རྐྱེན་བྱས་ཏེ་གཅིག་སྒྲིལ་རྫོང་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་སོང་ཡོད་པ་དང་།བོད་ནང་གི་ཤེས་ཡོན་པ་དང་སྙན་ངག་པ་ཚོས་དྲ་ལམ་ཁག་ཏུ་ཁོང་གི་སྙན་ངག་དང་མི་གཤིས་ལ་བསྔགས་བརྗོད་དང་།འདས་གྲོངས་སུ་སོང་བར་འགྱོད་གདུང་སོགས་ཀྱི་མྱ་ངན་བྱེད་བཞིན་འདུག
བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་འདི་གར་འབྲེལ་བརྗོད་གནང་བ་ལྟར་ན།ཚེ་དཔའ་ལགས་ནི་སྙན་ངག་གཙོ་བོར་བྱས་ཏེ་ཤེས་བྱ་སྣ་མང་ལ་སྦྱང་བརྩོན་བྱེད་མཁན་ཞིག་ཡིན་པ་དང་།དེ་སྔ་ནུབ་བྱང་མི་རིགས་སློབ་ཆེན་དུ་ཡོད་སྐབས་རྒྱ་ནག་གཞུང་ལ་ངོ་རྒོལ་ཡོད་པའི་རྩོམ་ཡིག་ཁག་ཅིག་བྲིས་རྐྱེན།ཐེངས་མང་ལ་འཛིན་བཟུང་འབོད་འགུག་དང་བཀག་ཉར་སོགས་ཀྱི་འོག་ཚུད་མྱོང་ཡོད་པ་རེད་ལ།ཁོང་ནི་ན་གཞོན་ལོ་ཆུང་ཞིག་ཡིན་ཀྱང་ཁོང་རང་ཉིད་ལ་དམིགས་བསལ་སྙན་ངག་གི་རིང་ལུགས་ཤིག་ཀྱང་ཡོད་སྐོར་བརྗོད་བྱུང་།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།ན་གཞོན་སྙན་ངག་པ་ཁོང་ནི་བོད་ཀྱི་སྐད་ཡིག་དང་བོད་མི་རིགས་ཀྱི་ལས་དབང་ཐད་ནམ་རྒྱུན་སེམས་ཤུགས་ཅན་ཞིག་ཡིན་པ་དང་།ཁོང་གིས་དཔར་བསྐྲུན་བྱས་པའི་དཔེ་དེབ་༥ཙམ་དང་།བོད་ཀྱི་མཆོད་མེ་རྩོམ་རིག་དྲ་རྒྱ་གཙོའི་དྲ་ལམ་ཏུ་སྙན་ངག་ཆེད་འགོད་སོགས་བྱས་ཡོད་པ་དང་།ཁོང་གིས་དེ་སྔ་རང་དབང་དང་ཉི་མའི་ནང་གི་སྡུག་གླུ་སོགས་བོད་དོན་དང་འབྲེལ་བའི་རྩོམ་ཡིག་ཁག་ཅིག་བྲིས་ཡོད་འདུག་ལ།ཐེངས་འདིར་ཁོང་འདས་གྲོངས་སུ་སོང་བར་བོད་ཕྱི་ནང་གཉིས་ནས་མྱ་ངན་ཞུ་བཞིན་ཡོད་པ་དང་།ཨ་རིར་གནས་བཞུགས་ཁྲིམས་གླེང་སྐད་འཕྲིན་སོགས་སུ།བོད་ཀྱི་སྐད་ཡིག་གི་གནས་བབ་སྐྱ་ཟད་སྔོ་སྡུག་ཏུ་གྱུར་བའི་དུས་ངན་འདིར་བོད་སྐད་ཡིག་དར་སྤེལ་བྱེད་པའི་གང་ཟག་གང་ཡང་རུང་བ་ཞིག་ནི་དུས་སྐབས་འདིའི་མུན་ནག་ཁྲོད་ཀྱི་སྒྲོན་མེ་ཞིག་ཅི་ལ་མིན།ངས་མྱ་ངན་ཞུ་སོགས་བཀོད་འདུག
ཚེ་དཔའ་ལགས་ནི་ཕྱི་ལོ༡༩༩༢ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་།ཁོང་ལོ་ན་༡༠ཙམ་ནས་ས་གནས་སློབ་ཆུང་གཙོས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དངོས་གཞིའི་སློབ་མཐར་ཕྱིན་ཡོད་པ་དང་། ཁོང་ལ་སྙན་ངག་གི་དེབ་ཚེར་བསྟར་ལྗང་ལོ་དང་།ལྷུག་རྩོམ་གྱི་དེབ་ཆོབ་ཚ་པོ་དང་ར་རོ་པ།འགྱུར་དེབ་ལ་སྐྱེས་ཆེན་གྱི་སྙིང་སྟོབས་དང་དོགས་ནད་ཨང་དོན་བཞི།དེ་བཞིན་འཁྲབ་གཞུང་རྩོམ་ཡིག་ལ་རྒུད་པ་སོགས་རྩོམ་ལུས་སྣ་ཚོགས་ཀྱི་བརྩམས་ཆོས་མང་པོ་བྲིས་གནང་ཡོད་པ་མ་ཟད།གཞན་དཔར་སྐྲུན་འཆར་གཞི་ཡོད་པའི་དེབ་སྒྲུང་ཐུང་བཏུས་དེབ་གཅིག་དང་ཟློས་གར་རིང་མོ་ཉོབ་གླུ་ལག་བྲིས་མ།འགྱུར་དེབ་གྲུ་དཀར་པོ་བཅས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎