ཨོསི་ཊརེ་ལི་ཡའི་ནང་རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ་བྱེད་མཁན་བོད་མི་ཞིག་ལ་གཅར་རྡུང་གིས་སྨན་ཁང་དུ་འགྲོ་དགོས་བྱུང་འདུག

2024.06.20
ཨོསི་ཊརེ་ལི་ཡའི་ནང་རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ་བྱེད་མཁན་བོད་མི་ཞིག་ལ་གཅར་རྡུང་གིས་སྨན་ཁང་དུ་འགྲོ་དགོས་བྱུང་འདུག ཨོསི་ཊརེ་ལི་ཡའི་ནང་རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ་བྱེད་མཁན་བོད་མི་བསྟན་པ་དར་རྒྱས་ལགས་གཅར་རྡུང་གིས་སྨན་ཁང་དུ་འགྲོ་དགོས་བྱུང་སྐབས།
Facebook / Tenpa Dhagyal

དེ་ཡང་རྒྱ་ནག་གི་སྲིད་བློན་ལི་ཆང་(Li Qiang)་འདས་བའི་གཟའ་མཇུག་སྤྱི་ཚེས་༡༧ཉིན་ཨོསི་ཊརེ་ལི་ཡར་(Australia)་ཡོང་ཡོད་པ་ལྟར། ལི་ཆང་ཨོསི་ཊརེ་ལི་ཡའི་རྒྱལ་ས་ཁན་བྷི་རར་ཡོང་དུ་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པས་ངོ་རྒོལ་བྱས་ཡོད་པ་དང་། དེ་ནས་ཨོསི་ཊརེ་ལི་ཡའི་གཏེར་ཁ་མང་སའི་ནུབ་རྒྱུད་མངའ་སྡེ་ཕུར་ཐི་ལ་ཡོང་དུས་ཡང་ས་གནས་བོད་མི་ཚོས་ངོ་རྒོལ་བྱས་ཡོད་པ་རེད།
ཨོསི་ཊརེ་ལི་ཡའི་གསར་འགྱུར་བརྒྱུད་ལམ་བདུན་པ་ཞེས་པ་གཙོས་གསར་ལམ་ཁག་གིས་གནས་ཚུལ་སྤེལ་འདུག སྐབས་དེར་ངོ་རྒོལ་ནང་ཞུགས་མཁན་བོད་མི་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། བོད་མི་ཁག་ཅིག་གིས་ལའེ་ཆང་གི་རླངས་འཁོར་བསྐྱོད་སའི་ཟམ་པ་ཞིག་གི་སྟེང་དུ་བོད་ཀྱི་རྒྱལ་དར་འཕྱར་ནས་ངོ་རྒོལ་བྱེད་བཞིན་པའི་སྐབས། དེ་གར་དགའ་བསུ་ཞུ་མཁན་རྒྱ་རིགས་སྐོར་ཞིག་བརྒྱུགས་ཡོང་ནས་རྒྱ་མི་ཞིག་གིས་བསྟན་པ་དར་རྒྱས་ཀྱི་རྒྱབ་ནས་བཟུང་རྗེས་རྒྱ་མི་གཞན་ཞིག་གིས་ཁོང་གི་སྙིང་ཁར་ཁུ་ཚུར་གྱིས་ཤེད་ཆེན་པོས་བརྒྱབས་པ་དང་། དེ་ནས་བསྟན་པ་དར་རྒྱས་ལགས་ཀྱི་ཁ་ནང་ནས་ཁྲག་ཐོན་པར་བརྟེན། བསྟན་པ་དར་རྒྱས་ལགས་ཕུར་ཐི་རོ་ཡོལ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་དགོས་བྱུང་ཚུལ་དང་། ད་བར་ཉིན་ཤས་སོང་ཡོད་ཀྱང་ད་དུང་ཡང་ཁོང་གི་སྙིང་ཁམས་བདེ་བོ་མེད་པ་དང་། འདི་ཚེས་༢༠ཉིན་ཡང་བསྐྱར་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱེད་དགོས་ཡོད་པ་གསུངས་བྱུང་།
དེའི་སྐོར་ཨོསི་ཊརེ་ལི་ཡའི་བོད་དོན་རྒྱབ་སྐྱོར་བ་གྲགས་ཅན་(Drew Pavlou)་ལགས་ཀྱིས་ཁོང་གི་སྤྱི་ཚོགས་དྲ་རྒྱ་(X)་སྟེང་སྤེལ་བའི་གནས་ཚུལ་བའི་ནང་། རྒྱ་ནག་དམར་ཤོག་གཞུང་གི་མི་ངན་གཏུམ་གཅོད་ཅན་གྱིས་ཕུར་ཐི་རུ་ཡོད་པའི་ངའི་བོད་ཀྱི་གྲོགས་པོ་ཞིག་ལ་གཅར་རྡུང་བྱས་ནས་སྨན་ཁང་དུ་བསྐྱལ་ཡོད་ཅེས་བཀོད་ཡོད་པ་རེད།

Tibetan protest in Australia.jpeg
རྒྱ་ནག་གཞུང་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་བར་ཆབ་སྲིད་ལངས་ཕྱོགས་མི་མཐུན་པ་དང་། དཔལ་འབྱོར་གྱི་སྒོ་ཁྲལ་འགེལ་རེས་སོགས་ཕན་ཚུན་བཟང་ཕྱོགས་ཀྱི་འབྲེལ་བ་རྒྱུན་བསྲིང་མ་ཐུབ་པའི་དཀའ་རྙོག་སྣ་མང་འབྱུང་བཞིན་པ་ལྟར། ཨོསི་ཊརེ་ལི་ཡ་རྒྱལ་ཁབ་ལ་མཚོན་ན། རྒྱ་ནག་ནི་ཁོང་ཚོའི་ཚོང་ཤག་ཆེ་ཤོས་དེ་ཡིན་ནའང་། རྒྱ་ནག་གིས་ས་ཁོངས་རྒྱ་བསྐྱེད་དང་ཕྱི་འབྲེལ་སྲིད་ཇུས་ཉེན་ཁ་ཅན་ཁག་ལ་དམིགས་ཏེ། རྒྱ་ནག་གི་བརྡ་འཕྲིན་ལག་རྩལ་(Huawei Technologies)་ཨོསི་ཊརེ་ལི་ཡའི་ནང་བཀག་སྡོམ་དང་། རྒྱ་ནག་གིས་ཀྱང་ཨོསི་ཊརེ་ལི་ཡའི་ཚོང་ཟོག་འཕོན་ཆེ་ལ་སྒོ་ཁྲལ་ཤུགས་ཆེར་བརྒྱབས་པ་སོགས་ཀྱིས། འདས་པའི་ལོ་བདུན་རིང་རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་ཅིག་ཨོསི་ཊརེ་ལི་ཡའི་ནང་སླེབས་མེད་པའི་འབྲེལ་ལམ་བསྐྱར་གསོ་བྱས་ཏེ། སྤྱི་ཟླ་༦པའི་ཚེས་༡༧ཉིན་རྒྱ་ནག་གི་སྲིད་བློན་ལི་ཆང་ཨོསི་ཊརེ་ལི་ཡའི་རྒྱལ་ས་ཁན་བྷ་ར་ལ་འབྱོར་བ་དང་བསྟུན། ས་གནས་བོད་མི་ཚོས་རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ་ཤུགས་ཆེ་བྱས་པ་མ་ཟད། བོད་མི་ཚོས་ཨོསི་ཊརེ་ལི་ཡ་གཞུང་གིས་རྒྱ་ནག་སྲིད་བློན་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་གླེང་སློང་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་ཨོསི་ཊརེ་ལི་ཡའི་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཉིན་དེར་འགྲེལ་བརྗོད་གནང་ཡོད་པ་རེད།


གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་བོད་དོན་ཁྲིམས་འཆར་ལ་སྲིད་འཛིན་གྱི་མཚན་རྟགས་ཞུ་ཆེད་སྲིད་འཛིན་ལས་ཁུངས་སུ་འགོད་འབུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་ཨ་རིས་གཏན་འབེབས་བྱས་པའི་བོད་རྒྱ་རྩོད་རྙོག་གི་ཁྲིམས་ཡིག་ལ་ངོ་རྒོལ་ཤུགས་ཆེ་བྱས་ནས་རྒྱ་ནག་གི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུའི་དམ་བཅའ་འཇོག་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎