དམ་དྲག་གི་དབང་གིས་བོད་མི་བྲོས་བྱོལ་སྐྱབས་བཅོལ་ལ་འབྱོར་ཚད་ཇེ་ཉུང་ལ་སོང་འདུག

2019-01-17
གློག་འཕྲིན།
མཆན།
Share
པར་བཀོད།
བལ་ཡུལ་བོད་ཀྱི་ཡན་ལག་སྣེ་ལེན་ཁང་།
བལ་ཡུལ་བོད་ཀྱི་ཡན་ལག་སྣེ་ལེན་ཁང་།
Lhuboom/RFA

འདས་པའི་ཕྱི་ལོ་༢༠༡༨ ལོའི་ནང་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཡོང་མཁན་མི་གྲངས་དེའི་སྔོན་ལས་ཇེ་ཉུང་ལ་སོང་འདུག
རྒྱ་ནག་གཞུང་གིས་བོད་ནང་དང་ལྷག་དོན་བོད་ཀྱི་མཐའ་མཚམས་ཁག་ལ་དམ་དྲག་ཤུགས་ཆེན་བྱས་དང་བྱེད་བཞིན་པའི་དབང་གིས་འདས་པའི་ཕྱི་ལོ་༢༠༡༨ ལོའི་ནང་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཡོང་མཁན་མི་གྲངས་དེའི་སྔོན་ལས་ཇེ་ཉུང་ལ་སོང་འདུག དེའི་ཐད་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གིས། ལོ་ལྟར་བོད་ནས་བོད་མི་ཚོ་རྒྱ་གར་ལ་གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་། དེ་བཞིན་ཤེས་ཡོན་གྱི་གོ་སྐབས། ནང་ཆོས་སློབ་གཉེར་ཆེད་དུ་ཡོང་གི་ཡོད་པ་རེད། འདས་མ་ཐག་པའི་༢༠༡༨་ལོའི་ནང་བོད་མི་༨༠་ཙམ་བོད་ནས་འབྱོར་ཡོད་པ་དང་། དེ་ནི་དེ་སྔ་དང་བསྡུར་བ་ཡིན་ན་ཧ་ལས་པས་ཉུང་དུ་ཕྱིན་ཡོད་ཅིང་། ཡོང་མཁན་ཚོ་ཡང་ཤུགས་ཆེ་བ་བོད་མདོ་སྟོད་སྨད་ས་ཁུལ་ནས་ཡིན་པ་དང་དེ་ཡང་མང་ཆེ་བ་ལོ་ན་གཞོན་པ་ཤ་སྟག་རེད་ཅེས་ངོ་སྤྲོད་གནང་བྱུང་།
ད་དུང་ཡང་ཁོང་གིས་མུ་མཐུད་ནས་འགྲེལ་བརྗོད་གནང་གསལ་དུ། ༢༠༠༨ ལོར་བོད་ནང་ཞི་རྒོལ་བྱུང་བའི་རྗེས་སུ་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བའི་རྐྱེན་གྱིས་བོད་མི་སྐྱབས་བཅོལ་ཡོང་མཁན་ཉུང་དུ་ཕྱིན་ཡོད་པ་མ་ཟད། ༢༠༡༢ ལོ་ནས་བཟུང་ལོ་རེར་བོད་མི་བརྒྱ་ཡས་མས་ཙམ་རེ་མ་གཏོགས་འབྱོར་ཐུབ་མེད་པ་དང་། ༢༠༠༨ གྱི་སྔོན་ལ་ཡིན་ན་སུམ་སྟོང་ཡས་མས་ཡོང་གི་ཡོད་སྟབས་དེ་བརྒྱ་ཆ་ལ་སྐོར་བ་ཡིན་ན་བརྒྱ་ཆ་དགུ་བཅུ་ལྷག་མར་ཆགས་ཡོད་པ་རེད། འདིའི་རྒྱུ་མཚན་གཙོ་བོ་ནི་རྒྱ་ནག་གིས་བོད་ནང་གཙང་སེལ་དང་བཀག་བསྡོམ་ཞེས་པའི་སྲིད་བྱུས་ལག་བསྟར་བྱེད་པ་ལ་རྟེན་ནས་བྱུང་བ་ཞིག་རེད་ཅེས་དང་། རྒྱ་ནག་གཞུང་གིས་གཙང་སེལ་དང་བཀག་བསྡོམས་ཀྱི་སྲིད་བྱུས་ཞེས་པ་དེའི་འོག་ནས་བཙན་བྱོལ་དུ་ཡོང་མཁན་བོད་མི་ཙམ་མ་ཡིན་པར་བོད་ནང་གི་བོད་མི་ཕྱི་སྐྱོད་ལག་དེབ་ཐོག་ནས་ཕྱིའི་རྒྱལ་ཁབ་ཡོང་མཁན་ཚོར་དམ་དྲག་བྱེད་བཞིན་པ་དང་དེའི་ནང་ནས་ཀྱང་རྒྱ་གར་ཡོང་མཁན་ཚོར་དེ་བས་ཀྱང་དམ་དྲག་ཆེ་བ་བྱེད་ཀྱི་ཡོད་པ་གསུངས་བྱུང་།
གནས་ཚུལ་རྩད་ཆོད་བྱུང་བ་ལྟར་ན། འདས་བའི་སྤྱི་ལོ་༢༠༡༦་ལོར་བོད་ནས་བཙན་བྱོལ་དུ་ཡོང་མཁན་བོད་མི་མི་གྲངས་༩༥་དང་། ༢༠༡༧་ལོར་མི་གྲངས་༡༠༦ སྤྱི་ལོ་༢༠༡༨་ལོར་མི་གྲངས་༨༠་བཅས་འབྱོར་ཡོད་པ་དང་། སྤྱི་ལོ་༢༠༡༦་དང་༢༠༡༧་མཚམས་སུ་རྒྱ་གར་ལ་གནས་སྐོར་དང་༧གོང་ས་མཆོག་གི་གསུངས་ཆོས་ཞུ་ལ་བཅར་མཁན་མི་གྲངས་༢༠༠༠་བྱུང་ཡོད་པ་རེད།
བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཡོང་མཁན་བོད་མི་ཚོར་བོད་མིའི་སྒྲིགས་འཛུགས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་གོ་སྒྲིག་དང་དེ་ནས་གཟུགས་པོའི་འཕྲོད་བསྟེན་རྟག་དཔྱད་དང་། རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་བཟོ་ཡག་གི་མཐུན་འགྱུར་གི་ལས་དོན་ཁག་ཚར་རྗེས་རང་རང་སོ་སོའི་འདོད་མོས་དང་ལོ་ནར་གཞིགས་པས་སློབ་གྲར་བཏང་ཡག་དང་ནང་ཆོས་སློབ་གཉེར་ཆེད་དུ་དགོན་སྡེ་གྲ་ཚང་ཁག་ལ་གཏོང་གི་ཡོད་པ་རེད།

གསར་འགོད་པ་ཨྱོན་བསྟན་འཛིན།

མཆན། (0)
Share
དྲ་གནས་ཆ་ཚང༌།