རྒྱ་ནག་གིས་དམ་དྲག་རྐྱེན་པས་བོད་ནས་བོད་མི་བྲོས་བྱོལ་བ་ཇེ་ཉུང་དུ་སོང་འདུག

2019-01-18
གློག་འཕྲིན།
མཆན།
Share
པར་བཀོད།
བལ་ཡུལ་བོད་ཀྱི་ཡན་ལག་སྣེ་ལེན་ཁང་།
བལ་ཡུལ་བོད་ཀྱི་ཡན་ལག་སྣེ་ལེན་ཁང་།
Lhuboom/RFA

རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེའི་འོག་བོད་ནས་བལ་ཡུལ་དང་རྒྱ་གར་དུ་བྲོས་བྱོལ་ཡོང་མཁན་གྱི་བོད་མིའི་གྲངས་འབོར་ཧ་ཅང་ཉུང་དུ་ཕྱིན་ཡོད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ལོ་ ༢༠༡༨ ལོར་བོད་ནས་བལ་ཡུལ་བརྒྱུད་རྒྱ་གར་དུ་ཡོང་མཁན་གྱི་བོད་མིའི་གྲངས་འབོར་ནི་མི་གྲངས་ ༨༠ ཙམ་ཡིན་ཞིང་། འདི་ནི་ཕྱི་ལོ་ ༢༠༠༨ ཀྱི་སྔོན་དང་བསྡུར་ན་བརྒྱ་ཆ་བརྒྱད་བཅུ་ཙམ་གྱི་ཉུང་བ་ཡིན་པ་དང་། དེའི་རྒྱུ་རྐྱེན་གཙོ་བོ་ནི་བོད་ནང་ཕྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོའི་གནད་དོན་བྱུང་རྗེས་རྒྱ་ནག་གཞུང་གིས་བོད་དང་བལ་ཡུལ་དབར་གྱི་ས་མཚམས་ཀྱི་ལྟ་སྲུང་དོ་དམ་དུ་བཏང་ཡོད་པའི་རྐྱེན་གྱིས་ཡིན་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་རིན་ཆེན་ལགས་ཀྱིས་༢༠༡༢ ལོ་ནས་བཟུང་ལོ་རེར་བོད་མི་བརྒྱ་ཡས་མས་ཙམ་རེ་མ་གཏོགས་འབྱོར་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི་རྒྱ་ནག་གིས་བོད་ནང་གཙང་སེལ་དང་བཀག་སྡོམ་ཞེས་པའི་སྲིད་བྱུས་ལག་བསྟར་བྱེད་པ་ལ་རྟེན་ནས་བྱུང་བ་ཞིག་རེད་ཅེས་འགྲེལ་བརྗོད་གནང་ཡོད།
དེ་བཞིན་ཕྱི་ཟླ་ ༡ ཚེས་ ༡༧ ཉིན་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་ལས་ཁང་ Global Times གྱིས་བོད་རང་སྐྱོང་ལྗོངས་སྲིང་གཞུང་གི་བོད་ནང་འགྲོ་འོང་འགག་སྒོའི་ཞིབ་དཔྱོད་ཚན་པའི་འགན་འཛིན་ཡུའན་པིན་གྱིས་བརྗོད་པ་ཞིག་ལུང་འདྲེན་བྱས་འདུག་པ་དེའི་ནང་། བོད་ནང་ཡོང་ས་དང་བོད་ནས་ཕྱིར་བསྐྱོད་སའི་མཐའ་མཚམས་སུ་དམ་དྲག་བཀག་སྡོམ་ནན་པོ་བྱེད་བཞིན་པ་བཀོད་འདུག་ལ། སྔ་ལོ་ ༢༠༡༨་ལོར་ཁྲིམས་མཐུན་འགྲོ་ལུགས་དང་མ་མཐུན་པའི་ཐོག་ནས་བོད་ནང་འཛུལ་ཐབས་བྱ་མཁན་མི་གྲངས་ ༡༠༠༠ ཙམ་ས་མཚམས་ནས་བཀག་ཡོད་པ་བརྗོད་ཡོད་པ་རེད། འོན་ཀྱང་གྲངས་འབོར་འདི་ནི་རྒྱ་ནག་གཞུང་འབྲེལ་གྱིས་བཏོན་པ་ཞིག་ཡིན་པ་དང་། གྲངས་འབོར་འདི་དངོས་འབྲེལ་ཡིན་མིན་རང་དབང་གི་ཐོག་ནས་ཞིབ་དཔྱོད་བྱེད་དཀའ་བའི་གནད་དོན་ཞིག་ཡིན་པ་རེད།
ད་དུང་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་ལས་ཁང་དེས། སྔ་ལོ་ནས་བཟུང་བོད་ནང་ཁྲིམས་འགལ་གྱི་ཐོག་ནས་འགྲོ་འོང་བཀག་སྡོམ་དོ་ནན་དུ་གཏོང་རྒྱུའི་ལས་འགུལ་སྤེལ་རྗེས། བོད་ནང་འགྲོ་འོང་ཞིབ་དཔྱོད་ཚན་པ་དང་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་དང་ཟུང་སྦྲེལ་གྱི་ལས་དོན་སྤེལ་རྒྱུ་ཡང་འགོ་བཙུགས་བྱས་པ་བརྗོད་འདུག་ཅིང་། སྔ་ལོ་ས་མཚམས་སུ་མོ་ཊ་འབུམ་ལྔ་ཙམ་དང་མི་གྲངས་ཁྲི་ལྔ་ཙམ་ལ་ཞིག་གཤེར་བྱས་ཡོད་པ་ཡང་བརྗོད་ཡོད་པ་རེད། འོན་ཀྱང་རྒྱ་ནག་གི་གསར་འགྱུར་ལས་ཁང་དེས་བོད་དང་ས་འབྲེལ་གྱི་ས་མཚམས་གང་ཞིག་ཏུ་ཞིབ་གཤེར་བྱས་ཡོད་མིན་གསལ་ཁ་བཀོད་མི་འདུག
བར་སྐབས་ནས་རྒྱ་ནག་གཞུང་གིས་བོད་དང་རྒྱ་གར་གྱི་ས་མཚམས་འཁེལ་བའི་བོད་ཀྱི་ས་ཁུལ་ཁག་མི་དམངས་དང་འབྲེལ་བ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་བའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་ཅིང་། རྒྱ་ནག་གཞུང་འབྲེལ་ (Global Times) གསར་ལས་ཁང་གིས་བོད་ཀྱི་ས་མཚམས་ས་ཁུལ་གྱི་ཁྱིམ་ཚང་ཉི་ཁྲི་ཆིག་སྟོང་ཙམ་གྱི་ནང་ཞིབ་གཤེར་བྱེད་ཆེད་ཉེན་རྟོག་པ་ཆིག་ཁྲི་དྲུག་སྟོང་ཙམ་སྐུལ་དེད་བྱས་ཡོད་འདུག་པར་མ་ཟད། ས་མཚམས་ས་ཁུལ་དེ་དག་གི་ནང་ས་ཁུལ་དེ་གའི་མི་ཡིན་པ་ཕྱི་ཕྱོགས་ནས་ཡོང་བའི་མི་གྲངས་བཞི་ཁྲི་བརྒྱད་སྟོང་ཙམ་ཡོད་པ་དེ་དག་གི་མིང་གཞུང་ཐོ་འགོད་བྱེད་པའི་ལས་རིམ་ཞིག་ཀྱང་སྤེལ་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་རིན་ཆེན་ལགས་ཀྱིས་
༢༠༡༢ ལོ་ནས་བཟུང་ལོ་རེར་བོད་མི་བརྒྱ་ཡས་མས་ཙམ་རེ་མ་གཏོགས་འབྱོར་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི་རྒྱ་ནག་གིས་བོད་ནང་གཙང་སེལ་དང་བཀག་སྡོམ་ཞེས་པའི་སྲིད་བྱུས་ལག་བསྟར་བྱེད་པ་ལ་རྟེན་ནས་བྱུང་བ་ཞིག་རེད་ཅེས་འགྲེལ་བརྗོད་གནང་འདུག

གསར་འགོད་པ་འཆི་མེད་དང་ཨྱོན་བསྟན་འཛིན།

མཆན། (0)
Share
དྲ་གནས་ཆ་ཚང༌།