ལྡི་ལི་གནམ་ཐང་ནས་བོད་མི་ཞིག་འཇུ་བཟུང་བྱས་འདུག


2017-01-19
Share
ལྡི་ལི་གནམ་ཐང་། ལྡི་ལི་གནམ་ཐང་།
པར་ཚགས།

བོད་མི་ཞིག་གིས་ཁོ་རང་གི་ཕྱི་བསྐྱོད་ལག་འཁྱེར་ཐོག་ནས་མི་གཞན་ཞིག་ཨ་རིར་གཏོང་རྩིས་བྱས་སྐབས་ལྡི་ལི་རྒྱལ་སྤྱིའི་གནམ་ཐང་ནས་འཇུ་བཟུང་བྱས་འདུག
དེ་ཡང་གནས་ཚུལ་ལྟར་ན། ཟླ་འདིའི་ཚེས་༡༥་ཉིན་ཨ་རིར་གནས་སྡོད་བྱེད་མཁན་བོད་མི་པདྨ་དབང་རྒྱལ་ཞེས་པ་ཞིག་གིས། བལ་པོའི་མི་སེར་Rajendra Gurung་ཞེས་པ་ཞིག་ལ་རང་ཉིད་ཀྱི་ཕྱི་བསྐྱོད་འགྲུལ་བཞུད་ལག་ཁྱེར་བེད་སྤྱོད་བྱེད་བཅུག་ནས་ཨ་རིར་གཏོང་ཐབས་བྱས་སྐབས། ལྡི་ལི་རྒྱལ་སྤྱིའི་གནམ་ཐང་གི་ལས་བྱེད་ཀྱིས་བལ་པོའི་མི་དེར་དོགས་པ་སྐྱེས་ནས། འདྲི་རྩད་བྱས་སྐབས་དངོས་ཡོད་གནས་ཚུལ་ཕྱིར་ཐོན་བྱུང་བས། ཁོ་འཇུ་བཟུང་བྱས་པ་དང་། བོད་མི་དེས་བལ་པོའི་མི་དེའི་ལག་ཁྱེར་བེད་སྤྱད་ནས་དྷི་ལི་ནས་Mumbai་ལ་འཕུར་མཁན་གྱི་གནམ་གྲུའི་ནང་འཛུལ་ཐབས་བྱས་སྐབས། ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག
ཉེན་རྟོག་པའི་ཕྱོགས་ནས་ཀྱང་ཁོང་གཉིས་གནམ་ཐང་གི་གསང་སྤྱོད་ནང་ནས་ཕན་ཚུན་གྱི་ལག་འཁྱེར་དང་གནམ་གྲུའི་འཛིན་བྱང་བརྗེ་བཞིན་པ་བརྙན་ལེན་འཕྲུལ་ཆས་ལས་ཤེས་རྟོགས་བྱུང་ཡོད་པ་བརྗོད་འདུག ད་ལྟའི་ཆར་ཁོ་གཉིས་ལྡི་ལིའི་ཉེན་རྟོག་པའི་ལག་ཏུ་རྩིས་སྤྲོད་བྱས་ཡོད་པ་དང་། ཁོང་གཉིས་ལ་རྩད་ཞིབ་མུ་མཐུད་དུ་བྱེད་བཞིན་ཡོད་ཀྱང་། དབང་རྒྱལ་གྱིས་རྒྱ་གར་གྱི་སྐད་ཤེས་ཀྱི་མེད་སྟབས། ད་ཆར་སྐད་བསྒྱུར་བ་ཞིག་འཚོལ་བཞིན་ཡོད་ལུགས་སོགས་བརྗོད་འདུག
པད་མ་དབང་རྒྱལ་དང་བལ་ཡུལ་གྱི་མི་སེར་ར་ཇེན་Rajendra Gurung་གཉིས་རྒྱལ་ས་ལྡི་ལིའི་རྒྱལ་སྤྱིའི་གནམ་ཐང་གི་ཉེ་འགྲམ་གྱི་མ་ཧེ་པལ་པུར་(Mahipalpur) གྲོང་རྡལ་གྱི་གསོལ་མགྲོན་ཁང་ཞིག་ནས་འབྲེལ་བ་བྱས་ཡོད་པ་དང་། ཁོང་གཉིས་ཀྱི་གདོང་པ་ཧ་ཅང་འདྲ་བོ་ཡོད་པར་བརྟེན་Gurung་གྱིས་པད་མ་དབང་རྒྱལ་ལ་ཧིན་སྒོར་འབུམ་༤༠་སྤྲད་ནས་པད་མ་དབང་རྒྱལ་གྱི་འགྲུལ་བཞུད་ལག་འཁྱེར་བེད་སྤྱོད་གཏོང་རྒྱུ་བྱས་བ་ཡིན་འདུག
པད་མ་དབང་རྒྱལ་ནི་ཨ་རིར་སྡོད་བྱེད་མཁན་བོད་མི་ཞིག་ཡིན་པ་དང་། ཟླ་གཅིག་གི་སྔོན་ཁོ་ཨ་རི་ནས་རྒྱ་གར་ལ་སོང་ཡོད་འདུག།

གསར་འགོད་པ་གུ་རུ་ཆོས་སྐྱིད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།