བོད་མི་སྐྱབས་བཅོལ་བར་རྒྱ་གར་གྱི་མི་སེར་ཐོབ་ཐང་རག་རྒྱུ་རེད།


2017.04.18
བློ་བཟང་དབང་རྒྱལ་ལགས་སུ་ཉེ་ལམ་རྒྱ་གར་གྱི་ཕྱི་བསྐྱོད་ལག་འཁྱེར་རག་སྐབས། ༢༠༡༧ བློ་བཟང་དབང་རྒྱལ་ལགས་སུ་ཉེ་ལམ་རྒྱ་གར་གྱི་ཕྱི་བསྐྱོད་ལག་འཁྱེར་རག་སྐབས། ༢༠༡༧
LW/FB

རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བ་ཚོར་ཁྲིམས་ལྟར་ཆ་རྐྱེན་ཚང་ཚེ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་རྒྱུར་གཞུང་གིས་དྭངས་ལེན་བྱས་འདུག
ལོ་སྔོན་མའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱེད་པའི་མཐོ་རིམ་ཁྲིམས་ཁང་ཞིག་གིས། རྒྱ་གར་ནང་སྐྱེས་པའི་བོད་མི་སྐྱབས་བཅོལ་བ་ཁག་ཅིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་ལག་འཁྱེར་སྤྲོད་དགོས་པའི་བཀའ་རྒྱ་བཏང་བ་དེར་ད་ཆ་རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་བརྩི་བཀུར་དྭངས་ལེན་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག
དེ་ཡང་རྒྱ་གར་ནང་ཡོད་པའི་བོད་མི་སྐྱབས་བཅོལ་རྣམས་ད་བར་རྒྱལ་ཁབ་དེའི་ནང་གནས་སྡོད་བྱ་རྒྱུ་དང་། དེ་བཞིན་ཕྱིའི་རྒྱལ་ཁབ་དུ་བསྐྱོད་སྐབས་རྒྱ་གར་གཞུང་གིས་ངོ་སྤྲོད་ལག་འཁྱེར་སྤྲོད་སྲོལ་ཡོད་པ་ལས། རྒྱལ་ཁབ་དེའི་མི་སེར་གྱི་ཐོབ་ཐང་སྤྲོད་སྲོལ་མེད་ཀྱང༌། འདས་པའི་ལོ་ཤས་རིང་བོད་མི་གཞོན་སྐྱེས་ཁག་གཅིག་གིས་རྒྱ་གར་གྱི་ཁྲིམས་ཁང་ནང་རྩོད་ལེན་བྱས་པའི་འབྲས་བུར་ཕྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་ ༩ པའི་ནང་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་མཐོ་རིམ་ཁྲིམས་ཁང་ཞིག་གིས་ཕྱི་ལོ་ ༡༩༥༠ ཐམ་པའི་ཕྱི་ཟླ་ ༡ པོའི་ཚེས་ ༢༦ ནས་ ༡༩༨༧ ལོའི་ཕྱི་ཟླ་ ༧ པའི་ཚེས་ ༡ གི་དུས་ཡུན་ནང་ཚུད་རྒྱ་གར་ནང་སྐྱེས་པའི་བོད་མི་སྐྱབས་བཅོལ་བ་ཚོར་ཡུལ་དེའི་མི་སེར་བྱེད་ཆོག་པའི་ཐོབ་ཐང་དང་། དེ་བཞིན་རྒྱལ་ཁབ་གཞན་ལ་འགྲུལ་བསྐྱོད་བྱ་རྒྱུར་རྒྱ་གར་གྱི་ཕྱི་བསྐྱོད་ལག་འཁྱེར་ཞུ་རྒྱུའི་ཐོབ་ཐང་ཡོད་པའི་བཀའ་རྒྱ་བཏང་ཡོད་པ་དེར། ད་ཆ་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གིས་བརྩི་བཀུར་དྭངས་ལེན་ཞུ་རྒྱུའི་ཁས་ལེན་གནང་བ་མ་ཟད། ཆེ་མཐོའི་ཁྲིམས་ཁང་གི་བཀའ་རྒྱ་དེ་འདི་ལོའི་ཕྱི་ཟླ་ ༣ པ་ནས་བཟུང་ལག་བསྟར་གནང་འགོ་བཙུགས་ཡོད་པའི་སྐོར་ཕྱི་སྲིད་ལྷན་ཁང་གིས་ཆེ་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ Sanjeev Sachdeva མཆོག་ལའང་བརྡ་ལན་ཕུལ་ཚར་བ་ཡིན་ཅེས་གསུངས་འདུག། དེ་བཞིན་ད་ལམ་གྱི་ཐག་གཅོད་དེ་ཡིས་བོད་མི་གཞོན་སྐྱེས་སྟོང་ཕྲག་མང་པོར་སྒེར་གྱི་ལས་དོན་གཉེར་རྒྱུ་དང་། ཕན་ཚུན་འགྲུལ་བསྐྱོད་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་རྒྱ་གར་གྱི་དུས་བབ་ (The Times of India) གསར་ཤོག་ཐོག་གནས་ཚུལ་སྤེལ་འདུག

གསར་འགོད་པ་ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎