ཉེ་ལམ་གློད་བཀྲོལ་བྱུང་བའི་དགེ་འདུན་གྲགས་པ་ལགས་ཀྱི་སྐུ་གཟུགས་གནས་སྟངས་ཡག་པོ་མི་འདུག་ཟེར།

2021-10-20
Share
ཉེ་ལམ་གློད་བཀྲོལ་བྱུང་བའི་དགེ་འདུན་གྲགས་པ་ལགས་ཀྱི་སྐུ་གཟུགས་གནས་སྟངས་ཡག་པོ་མི་འདུག་ཟེར། མཛོད་དགེ་རྫོང་ཐང་སྐོར་སོག་ཚང་ཕྱོགས་ཀྱི་ས་ཁྲ་དང་སོག་ཚང་དགོན།
སྒྲིག་བཟོ།/RFA

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གཞུང་གིས་འཛིན་བཟུང་གིས་འདས་བའི་མི་ལོ་ལྔ་ཡི་རིང་བཙོན་འཇུག་བྱས་བའི་མདོ་སྨད་མཛོད་དགེ་ཐང་སྐོར་སོག་ཚང་དགོན་གྱི་གྲྭ་དགེ་འདུན་གྲགས་པ་ལགས་བཙོན་འཇུག་དུས་ཡུན་ཚང་ནས། འདི་ལོའི་ཕྱི་ཟླ་༨་ནང་གློད་བཀྲོལ་བཏང་ཡོད་ནའང་། ཁོང་ལ་དེ་སྔ་མཁྲིས་པའི་ནད་གཞི་ཞིག་ཡོད་པ་དང་། དེའི་ཐོག་བཙོན་ཁང་ནང་ནས་ཡུན་རིང་མནར་གཅོད་བཏང་བ་སོགས་ཀྱི་རྐྱེན་པས་གཟུགས་གཞི་བདེ་བོ་མེད་པར། རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་ཡོད་སྐོར་འབྲེལ་ཡོད་མིང་བརྗོད་འདོད་མེད་པའི་བོད་ནང་གི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཁོང་གློད་བཀྲོལ་བཏང་རྗེས་རང་ཁྱིམ་དུ་འབྱོར་ཡོད་ན་ཡང་། ཁོང་གི་འགྲོ་འདུག་ལ་ས་གནས་རྒྱ་ནག་གཞུང་འབྲེལ་སྡེ་ཚན་གྱིས་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་འདུག་ལ། ནང་མི་སྤུན་མཆེད་སུ་ཡིན་ནའང་ཁོང་གི་གནས་སྟངས་དང་གནས་ཚུལ་གླེང་སློང་བྱེད་ཐབས་མེད་པ་ཆགས་ཡོད་འདུག་པར་མ་ཟད། ཁོང་གློད་གྲོལ་བཏང་ནས་ཟླ་བ་གཉིས་ཙམ་འགྲོ་བཞིན་ཡོད་ནའང་། ཟླ་རེ་བཞིན་ས་གནས་ཉེན་རྟོག་ཁང་དུ་ཐོ་འགོད་ཆེད་ངེས་པར་དུ་འགྲོ་དགོས་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
གྲྭ་དགེ་འདུན་གྲགས་པ་ལགས་དང་བློ་བཟང་ཤེས་རབ་ལགས་གཉིས་ཕྱི་ལོ་༢༠༡༦་ཟླ་༨་ཚེས་༢༤་ཉིན་གྱི་མཚན་མོར་མཛོད་དགེ་སོང་ཚང་དགོན་གྲྭ་ཤག་ནས་རྒྱ་ནག་དྲག་ཆས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རེད། འཛིན་བཟུང་བྱེད་དོན་གཙོ་བོ་ཕྱི་ལོ་༢༠༡༠་ལོར་མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་དུ་རྒྱ་ནག་གཞུང་གིས་མཁར་གྲོང་ལྗང་མདོག་ཅན་དུ་བསྒྱུར་བ་ཞེས་པའི་འཛུགས་སྐྲུན་སྲིད་ཇུས་ལ་ཁ་གཡར་ནས། མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོ་སྐ་བར་མ་སྡེ་བའི་རྩྭ་ས་བཙན་འཕྲོག་གི་གནས་ཚུལ་ཕྱི་ལ་སྤྲད་པའི་རྐྱེན་གྱིས་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ཕྱི་ལོ་༢༠༡༧་ཟླ་༦་པའི་ཚེས་༡༧་ཡས་མས་ཤིག་ལ་ཟི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་ཟེར་བའི་རྒྱལ་རོང་ཁྲོ་ཆུ་རྫོང་གི་ཁྲིམས་ཁང་ཞིག་ཏུ་ཁྲིམས་ར་ཚོགས་ནས། དགེ་འདུན་གྲགས་པ་ལགས་དང་བློ་བཟང་ཤེས་རབ་ལ་རྒྱལ་ཁབ་ཁ་བྲལ་དང་བོད་ཕྱི་ཕྱོགས་སུ་འབྲེལ་གཏུག་བྱས་ལུགས་ཀྱི་ནག་ཉེས་བཙུགས་ནས། གྲྭ་དགེ་འདུན་གྲགས་པར་ལོ་༥་དང་བློ་བཟང་ཤེས་རབ་ལ་ལོ་༤་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད། སྐབས་དེར་དགེ་འདུན་པ་ཁོང་གཉིས་ཀྱི་ཁྲིམས་རྩོད་པར་ཉེས་འཛུགས་དག་འབུད་བྱེད་དབང་དང་། ཞུ་སྦྱོར་བའི་ངོས་ནས་དག་སེལ་གྱི་སྐད་ཆ་བཤད་པའི་ཐོབ་ཐང་སྤྲད་མེད་ལ། ཁྲིམས་རའི་ནང་ཟུར་ཉན་དུ་འགྲོ་མཁན་ཚོར་དམ་དྲག་ནན་མོ་བྱས་ཏེ། ཕ་མ་སྤུན་མཆེད་ཚོར་ཐུག་འཕྲད་ཀྱང་བྱེད་བཅུག་མེད་པ་རེད།
གྲྭ་དགེ་འདུན་གྲགས་པ་ལགས་ད་ལྟ་རང་ལོ་༤༥་ཡས་མས་ཡིན་པ་དང་། མཛོད་དགེ་རྫོང་ཐང་སྐོར་སོག་ཚང་ཕྱོགས་ཀྱི་སོག་ཚང་དགོན་རྒྱུད་པ་གྲ་ཚང་གསང་འདུས་ཁམས་ཚན་ནས་ཡིན་པ་རེད། ཁོང་དང་མཉམ་དུ་འཛིན་བཟུང་བྱས་བའི་བློ་བཟང་ཤེས་རབ་ལགས་ཀྱི་སྐོར་ད་བར་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མི་འདུག་པས། འཚོལ་སྒྲུབ་བྱེད་མུས་ཡིན།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།