རྒྱ་ནག་དམར་ཤོག་ཚོགས་མི་བོད་རིགས་ཞིག་གིས་ཆོས་ལ་དད་པ་བྱས་པ་སོགས་ཀྱི་རྐྱེན་ཉེས་ཆད་བཏང་འདུག

2020-06-09
གློག་འཕྲིན།
མཆན།
Share
པར་བཀོད།
ལྷ་སའི་གཙུག་ལག་ཁང་གི་མདུན་དུ་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སྦྱར་བྱང་བཀེལ་ཡོད་པ། ༢༠༢༠།༦།
ལྷ་སའི་གཙུག་ལག་ཁང་གི་མདུན་དུ་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སྦྱར་བྱང་བཀེལ་ཡོད་པ། ༢༠༢༠།༦།
མཐུན་འགྱུར་པར་རིས།

རྒྱ་ནག་གཞུང་གིས་དབྱེས་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཡིག་ཚགས་ཁང་གི་འགན་འཛིན་གཞོན་པ་བསོད་ནམས་རྒྱལ་གྱིས་སྒེར་གྱིས་ཆོས་ལ་དད་པ་བྱེད་པ་སོགས་ཁྲིམས་སྒྲིག་དང་འགལ་བའི་ཉེས་མིང་འོག་ལས་གནས་ནས་ཕྱིར་ཕུད་བཏང་འདུག
དེ་ཡང་བོད་ལྗོངས་ཉིན་རེའི་ཚགས་པར་ཞེས་པར་སྤྱི་ཟླ་༦་ཚེས་༨་ཉིན་གནས་ཚུལ་འཁོད་པར་གཞིགས་ན། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གི་དེ་སྔའི་ཏང་ཨུད་ཀྱི་ཨུ་ཡོན་དང་། འགནའཛིན་གཞོན་པ་གཞོན་པ་བསོད་ནམས་རྒྱལ་གྱི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་བརྟག་དཔྱད་བྱས་ཡོད་ལུགས་འཁོད་ཡོད་པ་རེད།
ཡང་གནས་ཚུལ་ནང་དུ་མུ་མཐུད་དུ་འཁོད་དོན། བརྟག་དཔྱད་བྱས་པ་བརྒྱུད། བསོད་ནམས་རྒྱལ་ཕུགས་བསམ་དང་དད་སེམས་ཤོར་བ་དང་། སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཞན་པ། མི་སྒེར་གྱིས་ཆོས་ལ་དད་པ་བྱེད་པ། སྒེར་གྱི་འབྲེལ་ཡོད་དོན་གནད་སྦ་གསང་བཅས་བྱས་ཡོད། རང་སྐྱོང་ལྗོངས་ཡིག་ཚགས་ཁང་གི་ཀོན་ཀྲང་གཞོན་པའི་འགན་འཁུར་རིང་། ཁག་བགོས་དོ་དམ་བྱེད་པའི་སྡེ་ཚན་དང་གཤམ་འོག་གིས་སྒྲིག་འགལ་ངང་དཔེ་ཆ་པར་བརྒྱབ་ནས་བཙོང་པའི་གནད་དོན་ལ་དོ་དམ་མི་བྱེད་པ་དང་། འགན་འཁྲི་ཡག་པོ་མི་འཁུར་བ། ལྐོག་ཟ་རུལ་སུངས་བྱས་པ་སོགས་ཀྱི་ནག་ཉེས་བཀལ་ནས།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》་སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་པ་བརྒྱུད། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་བསོད་ནམས་རྒྱལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་རྒྱུ་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ལྷན་གྱིས་ཁོ་པ་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་རྒྱུ། ཁོ་པའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་ཚང་མ་གཞུང་བཞེས་གཏོང་རྒྱུ། ཉེས་གསོག་དང་འབྲེལ་བའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲད་ནས་ཁྲིམས་ལྟར་ཞིབ་བཤེར་དང་ཞུ་གཏུག་རྒྱག་རྒྱུ་མ་ཟད། འབྲེལ་ཡོད་རྒྱུ་ནོར་ཚང་མ་གྱོད་གཞི་དང་མཉམ་དུ་རྩིས་སྤྲོད་རྒྱུའི་ཐག་བཅད་ཡོད་ལུགས་འཁོད་ཡོད་པ་རེད།
དེའི་ཐད་འགྲོ་བ་མའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལས་བྱེད་པདྨ་རྒྱལ་ལགས་ཀྱིས་གསུང་ན། སྔོན་མ་ཡིན་ན་རྒྱ་ནག་གིས་ལས་བྱེད་པ་མ་གཏོགས་མང་ཚོགས་ལ་མཚོན་ན་རང་ཁ་རང་གསོ་ཡིན་སྟབས་དམར་ཤོག་ཚོགས་པའི་བཤད་བཤད་ཚང་མར་ཉན་མི་དགོས་པ་ལྟ་བུ་ཞིག་ཡིན་ནའང་། རྗེས་སུ་བོད་ཀྱི་འབྲོག་པ་རྣམས་ཀྱི་འཚོ་རྟེན་མེད་པར་བཏང་ནས་ཆ་ཚང་གཞུང་གི་སྐྱོབ་གསོ་ལ་བརྟེན་དགོས་པ་བཟོས་ཡོད་སྟབས། དམར་ཤོག་ཚོགས་པས་ག་རེ་བཤད་བཤད་ལ་མ་ཉན་པ་ཡིན་ན་འཚོ་བའི་བཟའ་འཐུང་ཚུད་ཆད་ལའང་དཀའ་ངལ་འཕྲད་པའི་བྱེད་ཐབས་ལག་བསྟར་བྱེད་ཀྱིན་པའི་སྐོར་འགྲེལ་བརྗོད་གནང་སོང་།
གནས་ཚུལ་དཔྱད་བརྗོད་པས། གནས་ཚུལ་དེའི་མགོ་མཇུག་བར་གསུམ་དུ་དཔྱད་པ་ཡིན་ན། རྒྱ་ནག་གཞུང་གིས་བོད་རིགས་བསོད་ནམས་རྒྱལ་ལ་ཆོས་དད་རང་དབང་མ་སྤྲད་པ་དེ་གསལ་བོ་ཡིན་འདུག་ལ། དེའི་ཞོར་དུ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཟེར་བ་དེ་ནི་དམར་ཤོག་ཚོགས་པའི་ནང་ཁུལ་གྱི་འཐབ་རྩོད་ཀྱི་ལག་ཆ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད་འདུག་ལ། དམར་ཤོག་ཚོགས་པ་རང་གི་ལྟ་སྤྱོད་དང་མ་མཐུན་པ་ཡིན་ན་ལས་བྱེད་སུ་ལའང་སྦྱར་ཆོག་ཆོག་གི་ནག་ཉེས་ཤིག་ཡིན་འདུག་ཅིང་། ལྷག་པར་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕེན་གྱིས་སྲིད་དབང་སྒེར་འཛིན་བྱས་པ་ནས་བཟུང་། རྒྱ་ནག་སྤྱི་དང་ལྷག་པར་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་ཇེ་དྲག་ཏུ་སོང་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད།

མཆན། (0)
Share
དྲ་གནས་ཆ་ཚང༌།