བོད་ནང་ཆོས་དད་རང་དབང་ཆ་ཚང་ཡོད་ལུགས།

རྒྱ་ནག་གི་སྐུ་ཚབ་ཚོགས་པས་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་འོག་བོད་ནང་ཆོས་དད་རང་དབང་ཆ་ཚང་བ་ཡོད་ལུགས་བཤད་ཡོད་པ་རེད།

2011.05.31

༄༅༎ཆེཀ་(Czech)སྤྱི་མཐུན་རྒྱལ་ཁབ་ཏུ་འཚམས་འདྲི་བྱེད་བཞིན་པའི་རྒྱ་ནག་གི་སྐུ་ཚབ་ཚོགས་པས། རྒྱ་ནག་གཞུང་གིས་རྒྱབ་སྐྱོར་འོག་བོད་ནང་ཆོས་དད་རང་དབང་ཆ་ཚང་བ་ཡོད་ལུགས་བཤད་ཡོད་པ་རེད།

དེ་ཡང་ཀྲུང་གོའི་བོད་ཞིབ་འཇུག་ལྟེ་གནས་ཁང་གི་ཆེད་ལས་པ་ཀྲང་ཡུན་ཡིས་སྣེ་ཁྲིད་པའི་རྒྱ་མིའི་སྐུ་ཚབ་ཚོགས་པས་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་ལྕམ་ཀེ་ཀྲེ་རི་ནི་ཀོ་ནེཀ་ན་དང་མཇལ་འཛོམས་གྲོས་མོལ་སྐབས། བོད་ནང་ཆོས་དད་རང་དབང་ཆ་ཚང་བ་ཡོད་ཚུལ་དང༌། དེ་བཞིན་འདས་པའི་མི་ལོ་བཅུ་ཕྲག་འགའ་ཤས་དེའི་རིང་ལ་བོད་ཀྱི་དཔལ་འབྱོར་དང༌། སྤྱི་ཚོགས། རིག་གཞུང་སོགས་ཡར་རྒྱས་ཕྱིན་ཏེ། བོད་མིའི་འཚོ་བར་ཡང་ཡར་རྒྱས་ཀྱི་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་ལུགས་བཤད་ཡོད་པ་རེད་ཅེས་དང༌། ད་དུང་ཀྲང་ཡུན་གྱིས། བོད་ཀྱི་ལོ་རྒྱུས་ཡིན་ཁུལ་འགྲེལ་བརྗོད་བྱས་པའི་ནང༌། ཏྰ་ལའི་བླ་མས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་དགོས་པའི་རྩོད་ལེན་བྱེད་པ་དེ། རྒྱ་ནག་དབུས་གཞུང་དང་བོད་མི་ཚོས་ངོས་ལེན་རྩ་བ་ནས་བྱེད་ཐབས་མེད་པ་ཞིག་རེད། ད་རེས་རྒྱ་ནག་གི་སྐུ་ཚབ་ཚོགས་པ་དེའི་ངོས་ནས་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་དང་གསར་འགྱུར་ལས་རིགས། མི་དམངས་བཅས་ལ་བོད་ཀྱི་དངོས་ཡོད་ལོ་རྒྱུས་ཞུ་འདོད་བྱུང་ཞེས་བཤད་ཡོད་པ་རེད། ལྕམ་ཀོ་ནེཀ་ན་ཡིས་ཁོང་དེ་སྔ་བོད་དུ་ཐེངས་གཅིག་འཚམས་འདྲིར་ཕེབས་མྱོང་ཡོད་པ་དང༌། བོད་ཀྱི་རང་འབྱུང་ཁོར་ཡུག་མཛེས་ལྗོངས་དང༌། ཡར་རྒྱས་ཀྱི་གྲུབ་འབྲས་ལ་ཡིད་སྨོན་བྱུང་ཞེས་གསུང་ཡོད་པ་རེད། འོན་ཀྱང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས། རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་ཡར་རྒྱས་གཏོང་གི་ཡོད་པའི་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱས་ཏེ། དོན་དངོས་ཐོག་ཡར་རྒྱས་ཀྱི་ཁེ་ཕན་ནི་བོད་མི་ལས་རྒྱ་མི་རིགས་ཚོར་ཐོབ་པ་མ་ཟད། བོད་ནང་རི་ལིའི་ལྕགས་ལམ་བཟོ་སྐྲུན་དང་གཏེར་ཁ་བསྔོག་འདོན་བྱེད་པ་དེ་ཡིས་བོད་ཀྱི་རང་འབྱུང་འཁོར་ཡུག་ལ་གནོད་འཚེ་བཟོ་བ་དང༌། དམིགས་བསལ་༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྟེ། བོད་ཆོལ་ཁ་གསུམ་གྱི་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་གྱི་སྲིད་ཇུས་ལ་ངོ་རྒོལ་གཞི་རྒྱ་ཆེན་པོ་བྱུང་བ་དེ་ནི་བོད་ནང་རང་དབང་དང་འཛུགས་སྐྲུན་ཡར་རྒྱས་མེད་པའི་ར་སྤྲོད་ཆེན་པོ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎