རྒྱ་གར་ལྡི་ལིར་བོད་མི་ཞིག་གིས་རང་ལུས་མེར་བསྲེགས།
2011.11.04
༄༅༎དེ་རིང་ཕྱི་ཟླ་༡༡ པའི་ཚེས་༤ རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་རྒྱུན་ལས་ཟུར་པ་མིག་དམར་ཚེ་རིང་ལགས་ཀྱིས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་ཕྱིན་ཏེ། རང་ལུས་མེ་བསྲེག་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད།
དེ་ཡང་ལོ་ན་༢༦ ཡིན་པའི་ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་རྒྱུན་ལས་ཟུར་པ་མིག་དམར་ཚེ་རིང་ལགས་དེ་རིང་སྔ་དྲོའི་ཚོུད་༡༠ ཙམ་ལ་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་ནང་གི་བོད་མིའི་ཐོག་རྒྱ་ནག་གཞུང་གི་དྲག་གནོན་བྱ་སྤྱོད་ལག་བསྟར་བྱེད་བཞིན་པ་དེར་ངོ་རྒོལ་ཆེད་རང་ལུས་མེ་བསྲེག་བཏང་ཡོད་པ་དང༌། སྐབས་དེར་རྒྱ་གར་ཉེན་རྟོག་པ་ཚོས་ཁོང་གི་ལུས་ཐོག་ཏུ་འབར་བཞིན་པའི་མེ་བསད་དེ་འཕྲལ་དུ་རྒྱ་གར་སྨན་ཁང་དུ་བསྐྱལ་ཡོད་པ་རེད།
ད་ལྟ་ཁོང་རྒྱ་གར་གྱི་སྨན་ཁང་དུ་ཡོད་པ་དང༌། ཁོང་གི་རྐང་པ་གཡོན་པ་བརྒྱ་ཆ་༡༥ ཙམ་མེ་ཚེགས་ཟིན་པ་ལས་ལུས་པོའི་ཆ་ཤས་གཞན་ལ་མེ་སྐྱོན་ཆེ་བ་གང་ཡང་བྱུང་མེད་ཅིང༌། དེ་རིང་ཁོང་རྒྱ་ནག་གཞུང་ཚབ་ཁང་དུ་མ་བསྐྱོད་གོང་དེར་ཁོང་རང་ཉིད་ཀྱི་ངོ་དེབ་(FaceBook)དྲ་རྒྱའི་ཐོག་དེ་རིང་ཉིན་མོ་དང༌། འདས་ཟིན་པའི་ལོ་འགའ་ཤས་དེའི་རིང་ཁོང་གིས་ལས་འགུལ་སྤེལ་བ་ཚང་མ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་རྩ་དོན་གྱི་ཆེད་དུ་ཡིན་པ་དང༌། ད་དུང་ཁོང་གི་མི་ཚེའི་ནང་ནོར་འཁྲུལ་ལས་བྱས་པ་ཡོིད་ཚེ་བསམ་ཤེས་ཡོང་བའི་རེ་བ་དང༌། ཚེ་ཕྱི་མ་བོད་མིའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པའི་སྨོན་ལམ་རྒྱབ་པའི་རེ་སྐུལ་དང༌། ཚེ་ཕྱི་མ་དེ་བོད་མི་ཞིག་ཏུ་སྐྱེ་བ་བླངས་པ་ཡིན་ཚེ་བོད་ཀྱི་རང་དབང་གི་འཐབ་རྩོད་མུ་མཐུད་ནས་རྒྱུན་འཁྱོངས་བྱ་རྒྱུ་དང༌། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་ལ་མཐའ་ཅིག་ཏུ་ངོ་རྒོལ་བྱ་རྒྱུ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་བྱ་རྒྱུའི་ལས་དོན་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་བྲིས་ཡོད་པ་རེད།









