བོད་རིགས་སློབ་ཆེན་མཐར་ཕྱིན་པ་ཚོར་གཞུང་གི་ལས་ཀ་མི་རག་པའི་དཀའ་ངལ།

2019-02-21
གློག་འཕྲིན།
མཆན།
Share
པར་བཀོད།
ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༡༨
ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༡༨
བོད་འབྱོར།

ད་སྐབས་བོད་ནང་སློབ་ཆེན་ཐོན་པའི་བོད་རིགས་གཞོན་སྐྱེས་ཚོར་གཞུང་གི་ལས་ཀ་མི་རག་པའི་དཀའ་ངལ་འཕྲད་བཞིན་པ་རེད།
རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་ས་ཁུལ་ནང་ལས་ཀ་གསར་པ་ལྔ་ཁྲི་བཞི་སྟོང་ཙམ་ཁ་སྣོན་བྱེད་ཐུབ་ཡོད་ལུགས་བརྗོད་བཞིན་ཡོད་ན་ཡང་། བོད་ནང་སློབ་ཆེན་ཐོན་ཟིན་པའི་གཞོན་ནུ་ཚོར་ལས་ཀ་མ་རག་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་བོད་ནས་བོད་མི་ཁག་གཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་སྐད་སྡེ་ཚན་ལ་བརྗོད་ཡོད་པ་རེད།
དེ་ཡང་ཆབ་མདོ་ཁུལ་ནས་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་བརྗོད་ན། ཕྱི་ལོ་ ༢༠༡༨ལོར་བོད་རང་སྐྱོང་ལྗོངས་ནང་གཞུང་ཞབས་ཁོངས་སུ་འཚུལ་རྒྱུགས་གཏོང་མཁན་མི་གྲངས་ཁྲི་༤ཙམ་བྱུང་ཡོད་པ་ནས་མི་སྟོང་ཕྲག་༣ ལྷག་ཙམ་ཞིག་འཚུལ་རྒྱུགས་ལོན་ཡོད་འདུག་ཅིང་། གཞུང་གི་ལས་བྱེད་པའི་ཁོངས་སུ་འཚུལ་རྒྱུགས་བཏང་མཁན་ནི་བོད་རིགས་ཙམ་མ་ཟད་རྒྱ་རིགས་ཀྱང་མཉམ་བཞུགས་བྱེད་ཆོག་གི་ཡོད་པ་དང་། རྒྱ་ནག་གཞུང་གིས་རྒྱ་རིགས་སློབ་མཐར་ཕྱིན་པའི་སློབ་མ་མང་པོ་ཞིག་བོད་ཁུལ་དུ་ཁྲིད་ཡོང་བར་བརྟེན་བོད་རིགས་ན་གཞོན་ཚོའི་ལས་ཀའི་གོ་སྐབས་ཤོར་འགྲོ་ཡི་ཡོད་པ་བརྗོད་ཡོད་པ་རེད། ད་དུང་ཁོང་གིས་ ༢༠༡༨ ལོར་འདས་ལོར་བོད་རིགས་སློབ་གྲྭ་ཆེན་མོ་ཐོན་མཁན་སློབ་མ་མང་ཆེ་བར་གཞུང་གི་ལས་ཀ་རག་མེད་པ་གསལ་བཤད་གནང་ཡོད་པ་རེད།
གནས་སྟངས་འདི་ནི་བོད་རང་སྐྱོང་ལྗོངས་ཙམ་མིན་པར་རྒྱ་ནག་གི་ཞིང་ཆེན་ཁག་ཏུ་དབྱེ་བའི་བོད་ཀྱི་ས་ཁུལ་གཞན་ལ་ཡང་ལ་གཅིག་མཚུངས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་འདུག་པ་དཔེར་ན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་༢༠༡༨ ལོར་གཞུང་ཞབས་ཀྱི་ཡིག་རྒྱུགས་ནང་མཉམ་བཞུགས་བྱེད་མཁན་མི་གྲངས་ཁྲི་ཚོ་བརྒལ་བ་བྱུང་ཡོད་འདུག་ཅིང་། དེའི་ཁྲོད་རྒྱ་རིགས་སློབ་ཐོན་པའི་གཞོན་ནུ་ཧ་ཅང་མང་པོ་ཡོད་པ་ཡུལ་ཤུལ་ཁུལ་གྱི་བོད་རིགས་ཤིག་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།  ཁོང་གིས།  སྤྱིར་ཡུལ་ཤུལ་ཁུལ་དུ་གཞུང་གི་ལས་ཀའི་གོ་སྐབས་ཡག་པོ་ཡོད་པ་དང་། གཞུང་ཞབས་གསར་པར་ཟླ་རེའི་དངུལ་ཕོག་རྒྱ་སྒོར་སྟོང་ཕྲག་༦ ནས་ ༧ བར་སྤྲོད་ཀྱི་ཡོད་པར་བརྟེན། གཞུང་ཞབས་ཁོང་ཚུད་རྒྱུགས་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་གསུངས་ཤིང་། ལྷག་པར་དུ་ཡུལ་ཤུལ་ས་ཁུལ་འདི་ནི་བོད་ཀྱི་ས་ཁུལ་གཞན་དང་མི་འདྲ་བར་གཞུང་ཞབས་ཀྱི་ཡིག་རྒྱུགས་ནང་རྒྱ་རིགས་སློབ་ཕྲུག་ཙམ་མ་ཟད། བོད་ཀྱི་མདོ་སྨད་གཙོས་བོད་ཀྱི་ས་ཁུལ་གཞན་ནས་ཀྱང་གཞུང་ཞབས་ཀྱི་ཡིག་རྒྱུགས་གཏོང་མཁན་ཡོད་པར་བརྟེན་ས་གནས་ཀྱི་མི་ཚོར་ལས་ཀ་ཐོབ་རྒྱུ་ཁག་ཏུ་འགྲོ་གི་ཡོད་པ་བརྗོད་ཡོད་པ་རེད། ཡུལ་ཤུལ་གྱི་བོད་མི་དེས། བོད་ནང་བཟོ་གྲྭའི་ལས་རིགས་ཉུང་བ་དང་ཁེ་ལས་མཉམ་འདུས་ཀྱི་ཚོང་ལས་ཁང་དེ་ཙམ་མང་པོ་མེད་པར་བརྟེན་རང་བཞིན་གྱི་ལས་ཀའི་གོ་སྐབས་ཉུང་བ་ཡོད་སྟབས། བོད་ནང་སློབ་གྲྭ་ཆེན་མོ་ཐོན་པའི་བོད་རིགས་གཞོན་སྐྱེས་མང་ཆེ་བས་གཞུང་གི་ལས་ཀ་རག་ཐབས་བྱེད་ཀྱི་ཡོད་པ་གསུངས་ཡོད་པ་རེད།
དེ་བཞིན་བོད་ནག་ཆུ་ཁུལ་གྱི་སློབ་ཆེན་འགྲིམ་བཞིན་པའི་སློབ་མ་ཞིག་གིས། སྔར་དང་བསྡུར་ན། ཉེ་དུས་གཞུང་ཞབས་ཀྱི་ཡིག་རྒྱུགས་གཏོང་མཁན་ཧ་ཅང་མང་པོ་ཡོད་པ་དང་། ཡིག་རྒྱུགས་ཀྱི་དྲི་ཤོག་ཀྱང་སྔར་དང་མི་འདྲ་བར་ཁག་ཏུ་བཏང་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།