བོད་ཀྱི་རྒྱལ་ས་ལྷ་སར་བུད་མེད་སྒེར་ལངས་བྱས་ཏེ་ལོ་ངོ་ཧྲིལ་བོ་༦༡་འཁོར་བའི་དུས་དྲན།


2020-03-12
Share
རྒྱ་གར་རྡ་རམ་སཱ་ལར་བུད་མེད་སྒེར་ལངས་དུས་དྲན་སྲུང་བརྩི། ༢༠༢༠།༣།༡༢ རྒྱ་གར་རྡ་རམ་སཱ་ལར་བུད་མེད་སྒེར་ལངས་དུས་དྲན་སྲུང་བརྩི། ༢༠༢༠།༣།༡༢
RFA

བོད་ཀྱི་རྒྱལ་ས་ལྷ་སར་བུད་མེད་སྒེར་ལངས་བྱས་ཏེ་ལོ་ངོ་ཧྲིལ་བོ་༦༡་འཁོར་བའི་དུས་དྲན་རྒྱ་གར་རྡ་རམ་སཱ་ལ་གཙོས་བོད་མི་གནས་ཡུལ་ས་གནས་གང་སར་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་བྱས་འདུག
ལོ་ལྟར་ཕྱི་ཟླ་གསུམ་པའི་ཚེས་༡༢་ཉིན་འཛམ་གླིང་གི་ས་ཕྱོགས་གང་སར་བོད་ཀྱི་བུད་མེད་ཚོགས་པས་སྣེ་ཁྲིད་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས། དེ་སྔ་༡༩༥༩་ལོར་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་བར་ངོ་རྒོལ་ཆེད་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་བུད་མེད་ཚོས་ཞི་རྒོལ་སྒེར་ལངས་བྱས་ནས་ལོ་ ༦༡ འཁོར་བའི་དུས་དྲན་སྲུང་བརྩི་བྱེད་བཞིན་པ་དང་།  ཚེས་༡༢་ཉིན་རྒྱ་གར་རྡ་རམ་སཱ་ལར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་སྟེ། བཞུགས་སྒར་ལྷ་རྒྱལ་རི་ལ་མི་མང་འདུ་འཛོམས་ཀྱིས་དུས་དྲན་སྲུང་བརྩི་གནང་ཡོད། སྐབས་དེར་སྐུ་མགྲོན་གཙོ་བོ་བཙུན་མའི་ལས་འཆར་གྱི་འགན་འཛིན་སྣང་ས་ཆོས་སྒྲོན་ལགས་ཀྱིས། ད་ཆ་མི་རབས་གསར་རྙིང་འཕོ་འགྱུར་འགྲོ་བཞིན་པའི་སྐབས་འདིར། མི་རབས་གཞོན་པ་ཚོས་ལས་འགན་འཁུར་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་སོགས་ཀྱི་གཏམ་བཤད་གནང་བ་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ས་གནས་རྒྱུན་ལས་ཚེ་རིང་སྒྲོལ་མ་ལགས་ཀྱིས། བུད་མེད་ལྷན་ཚོགས་ཀྱི་དུས་དྲན་བསྒྲགས་གཏམ་སྒྲོག་སྦྱང་བྱས་པའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ། བོད་རྒྱ་གྲོས་མོལ་བསྐྱར་གསོ་བྱེད་དགོས་པ་དང་། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་དང་བོད་ཀྱི་སྲིད་དོན་བཙོན་པ་ཚོ་གློད་གྲོལ་དགོས་པ། ༧རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་སྐུ་དབང་༧གོང་ས་མཆོག་ཁོ་ན་ལ་ཡོད་པ། ཞི་ཅིང་ཕེན་གྱིས་དབུ་ཁྲིད་པའི་རྒྱ་ནག་གཞུང་གིས་གསར་འགོད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པ་བཅས་ཀྱི་དགོས་འདུན་བཏོན་འདུག
བུད་མེད་ལྷན་ཚོགས་ཀྱི་དུས་དྲན་སྲུང་བརྩི་ལ་ཕེབས་མཁན་ཚེ་རིང་དབྱངས་འཛོམས་ལགས་ཀྱིས། བོད་རང་བཙན་ཤོར་ནས་ལོ་ངོ་༦༡་འདས་ཟིན་ཡང་ང་ཚོས་མུ་མཐུད་དུ་འཐབ་རྩོད་བྱ་ངེས་ཡིན་པ་འགྲེལ་བརྗོད་གནང་གི་འདུག
དེ་ནས་བཞུགས་སྒར་ལྷ་རྒྱལ་རི་ནས་བསང་གསོལ་དང་འབྲེལ། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྐོར་ལམ་དང་བཞུགས་སྒར་གྱི་སྲང་ལམ་བརྒྱུད་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཤུགས་གནང་ཡོད་པ་རེད།
གཞན་ཡང་བོད་ཕྱི་ཕྱོགས་ཀྱི་བོད་མི་གནས་སྡོད་བྱེད་ཡུལ་རྒྱ་གར་ནང་གི་ས་གནས་ཁག་དང་། བྱང་ཨ་མི་རི་ཀ་དང་། ཡོ་རོབ་སོགས་ཀྱི་བོད་མི་གནས་སྡོད་བྱེད་ཡུལ་མང་པོར་ས་གནས་བུད་མེད་ཚོགས་པས་སྣེ་ཁྲིད་ནས་རྣམ་པ་འདྲ་མིན་ཐོག་འདས་བའི་མི་ལོ་༦༡་རིང་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་དང་དབང་བསྒྱུར་ལ་ངོ་རྒོལ་དང་བུད་མེད་སྒེར་ལངས་དུས་དྲན་སྲུང་བརྩི་བྱས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།