འོད་ཟེར་གྱི་བཟང་བཙོན་ཐད་ཨ་མི་རི་ཀས་རྩད་ཞིབ་གནང་བ།


2014.07.11
ཨ་རིའི་ཕྱི་སྲིད་དྲུང་ཆེ་John Kerryདང་རྒྱ་ནག་གི་སྲིད་འཛིན་གཉིས། ༢༠༡༤།༧།༩ ཨ་རིའི་ཕྱི་སྲིད་དྲུང་ཆེ་John Kerryདང་རྒྱ་ནག་གི་སྲིད་འཛིན་གཉིས། ༢༠༡༤།༧།༩
AFP

རྒྱལ་སྤྱིའི་དཔའ་མཛངས་ལྡན་པའི་བུད་མེད་ཀྱི་བྱ་དགའ་བཞེས་མཁན་འོད་ཟེར་བཟང་བཙོན་ལ་བཞག་པར་བློ་འཚབ་ཡོད་ཟེར།
སྤྱི་ཚེས་༡༠ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་Jen Psakiཡིས། ཚེ་རིང་འོད་ཟེར་ནི། སྔ་ལོའི་ནང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་དཔའ་འཛངས་ལྡན་པའི་བུད་མེད་ཀྱི་བྱ་དགའ་བཞེས་མཁན་ཞིག་ཡིན་པ་དང༌། ཁོང་རྒྱ་ནག་གཞུང་གིས་བཟང་བཙོན་འོག་བཞག་པ་དེར་བློ་ཚབས་ཡོད་སྐོར་གསུང་པ་དང་སྦྲགས་ཚེ་རིང་འོད་ཟེར་ལགས་བཟང་བཙོན་འོག་འཇོག་དགོས་པའི་ཞིབ་ཕྲའི་གནས་ཚུལ་ཇི་ཡིན་སྐོར་རྩད་ཞིབ་གནང་བཞིན་ཡོད་སྐོར་གསུང་ཡོད་པ་རེད། ཡང་གནས་ཚུལ་ནང་མུ་མཐུད་འགྲེལ་བརྗོད་བྱས་པར་གཞིགས་ན། ཚེ་རིང་འོད་ཟེར་ལགས་བཟང་བཙོན་འོག་བཀག་ཉར་བྱས་པའི་གནས་ཚུལ་འདི་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་John Kerryམཆོག་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་གནང་བའི་སྐབས་འཁེལ་ཡོད་ཅིང༌། ཐེངས་འདིར་ཁོང་གིས་རྒྱ་ནག་གི་དཔོན་རིགས་རྣམ་པ་མཇལ་འཕྲད་གནང་བའི་སྐབས། ཉེ་ལམ་ནས་བཟུང་རྒྱ་ནག་ནང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་མང་དག་ཞིག་གཞུང་གིས་འཛིན་བཟུང་བྱས་དང་བྱེད་བཞིན་པར་བློ་ཚབས་ཡོད་པ་དང༌། དེ་བཞིན་རྒྱ་ནག་གཞུང་གི་བོད་དང་ཤར་ཏུར་ཀིས་ཐན་སོགས་གྲངས་ཉུང་མི་རིགས་ཁག་གི་ཆོས་དང་རིག་གཞུང༌། སྐད་ཡིག་བཅས་པར་བརྩི་བཀུར་དང་སྲུང་སྐྱོབ་བྱེད་དགོས་པའི་དགོངས་ཚུལ་སྟོན་ཡོད་པ་རེད།

གསར་འགོད་པ་ངག་ཆོས།

བུད་མེད་རྩོམ་པ་པོ་འོད་ཟེར་བཟའ་མི་གཉིས་པེ་ཅིན་རང་ཁྱིམ་དུ། ༢༠༡༤2014-07-09

འོད་ཟེར་ལགས་སུ་ཨ་རིའི་གཞུང་ཚབ་ཁང་ནས་དགོང་ཚིགས་གསོལ་སྟོན་ལ་མགྲོན་ཤོག་འབྱོར་བའི་རྐྱེན་ཡིན་པར་ཚོད་དཔག་བྱེད་བཞིན་ཡོད་འདུག
དེ་ཡང་གནས་ཚུལ་ལྟར་ན། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཁེ་རོས་རྒྱ་ནག་ནང་ཕེབས་ནས་ཨ་རི་དང་རྒྱ་ནག་བར་དཔལ་འབྱོར་ཐབས་ཇུས་ཀྱི་གྲོས་མོལ་ཐེངས་དྲུག་པའི་ཚོགས་འདུར་ཞུགས་བཞིན་པའི་སྐབས་སུ། བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཚེ་རིང་འོད་ཟེར་ལགས་ཀྱིས་གསུང་ན། ཁོང་དང་ཁོང་གི་བཟའ་ཟླ་ཝང་ལེ་ཞུང་གཉིས་པེ་ཅིན་གྱི་རང་ཁྱིམ་དུ་བཟང་བཙོན་ལ་བཅུག་ཡོད་པ་ཚེས་༧ཉིན་གྱི་དགོང་མོར་འོད་ཟེར་ལགས་ཀྱིས་དྲ་ལམ་ཁག་ལ་བསྒྲགས་བྱས་ཡོད། འོད་ཟེར་ལགས་ཀྱིས་རང་ཉིད་དང་ཝང་ལི་ཞུང་གཉིས་ནང་སོག་ནས་ཕྱིར་པེ་ཅིན་དུ་ལོག་སྟེ་ཅུང་མ་འགོར་བར་། རྒྱལ་ཁབ་བདེ་འཇགས་མི་སྣ་ཁྱིམ་དུ་ཡོང་ནས་ཁོང་གཉིས་ཕྱི་ལོག་ལ་འགྲོ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་དང། དེ་བཞིན་ཁྱིམ་དུ་བཟང་བཙོན་ལ་འཇུག་དགོས་པའི་རྒྱུ་མཚན་འགྲེལ་བརྗོད་བྱས་མེད་ཀྱང་། འོད་ཟེར་ལགས་ཀྱིས་དེ་ནི་ཁོང་ལ་པེ་ཅིན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་ནས་དགོང་ཚིགས་གསོལ་སྟོན་ལ་མགྲོན་འབོད་བྱས་བའི་རྐྱེན་ཡིན་པར་ཚོད་དཔག་བྱེད་བཞིན་པ་མ་ཟད། འོད་ཟེར་ལགས་ནས་སྐབས་དེར་རྒྱ་ནག་ནང་གཟིགས་སྐོར་དུ་ཕེབས་ཡོད་པའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇང་ཁེ་རོས་ནས་ཐུག་འཕྲད་གནང་སྲིད་པར་ཚོད་དཔག་བྱེད་བཞིན་ཡོད་། ཡིན་ནའང་ཨ་རིའི་གཞུང་ཚབ་ཁང་གིས་ད་ལྟའི་བར་གནས་ཚུལ་འདིའི་སྐོར་གང་ཡང་འགྲེལ་བརྗོད་བྱས་མེད། དེའི་ཐད་འོད་ཟེར་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན། ཁོང་དང་ཝང་ལི་ཞུང་གཉིས་ཁ་སྔོན་པེ་ཅིན་དང་ཁ་གྱེས་བའི་དུས་སུ་ཨ་རིའི་གཞུང་ཚབ་ཁང་གིས་མགྲོན་འབོད་བྱས་བ་སྤྱི་ཚེས༩ཉིན་གྱི་དགོང་མོ་ཐུག་རྒྱུ་བྱས་བ་ཡིན། ད་ལྟ་རང་ཁྱིམ་ཉེན་རྟོག་པས་སྲུང་ནས་ཕྱི་ལ་འགྲོ་ཐབས་མེད་པས་ཧ་ཅང་བློ་ཕམ་འདུག་ཅེས་བརྗོད་བྱུང་།
སྤྱི་ལོ་༢༠༡༣ལོར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་༼རྒྱལ་སྤྱིའི་བུད་མེད་ཀྱི་བློ་སྟོབས་གཟེངས་རྟགས་༽ཞེས་པའི་བྱ་དགའ་དེ་ཚེ་རིང་འོད་ཟེར་ལགས་སུ་སྤྲད་ཡོད་ནའང་། རྒྱ་ནག་གཞུང་གིས་ཚེ་རིང་འོད་ཟེར་ལགས་སུ་ཕྱི་བསྐྱོད་ལག་ཁྱེར་མ་སྤྲད་པས་རྐྱེན་ཁོང་དངོས་སུ་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་དུ་བྱ་དགའ་དེ་ལེན་པར་བསྐྱོད་ཐུབ་མེད་ཀྱང་། ཨ་རིའི་རྒྱ་ནག་ཏུ་བཅའ་སྡོད་གཞུང་ཚབ་ཁང་གི་ལས་བྱེད་ཅིག་གིས་ཇོན་ཁེ་རོས་ཀྱི་ཚབ་བྱས་ནས་བྱ་དགའ་དེ་འོད་ཟེར་གྱི་ལག་ཏུ་བཞག་ཡོད་པ་མ་ཟད། ཝ་ཞིན་ཊོན་ནས་གཟེངས་རྟགས་མཛད་སྒོ་དེ་འཚོགས་སྐབས་། ཇང་ཁེ་རོས་མཆོག་གིས། རྒྱ་ནག་གཞུང་གིས་བོད་ཀྱི་གནས་ཚུལ་ཐམས་ཅད་བཀག་སྡོམ་བྱེད་པའི་དུས་སུ་། ཚེ་རིང་འོད་ཟེར་ལགས་ཀྱིས་བློ་སྟོབས་ཆེན་པོའི་སྒོ་ནས་བོད་མིའི་གནས་སྟངས་ངོ་མ་ཡིག་ཐོག་ཏུ་ཕབ་ནས་རྒྱལ་སྤྱིའི་སྟེང་བོད་མི་དམངས་ཀྱི་སྐད་སྒྲ་སྒྲོག་བཞིན་པར་བསྔགས་བརྗོད་གནང་ཡོད་པ་རེད།

གསར་འགོད་པ་ལྕགས་མོ་འཚོ་དང་དོན་གྲུབ་རྣམ་རྒྱལ།


འདིའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་འདི་གའི་ལས་བྱེད་རིག་ལྡན་སྒྲོལ་མས་ཕྱོགས་བསྒྲིགས་སྙན་སྒྲོན་བྱས་པར་གསན་རོགས

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་གྱི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎