བལ་ཡུལ་དུ་བོད་མི་ཚོས་བསྐྱར་དུ་ཞི་རྒོལ་ལས་འགུལ་སྤེལ་འཆར།

བལ་ཡུལ་ནང་དུ་ཡོད་པའི་བོད་མི་ཚོས་བསྐྱར་དུ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་འགོ་བཙུགས་གནང་འཆར་ཡོད་པ་རེད་

2008-08-28
Share

༄༅༎བལ་ཡུལ་ནང་དུ་ཡོད་པའི་བོད་མི་ཚོས་བསྐྱར་དུ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་འགོ་བཙུགས་གནང་འཆར་ཡོད་པ་རེད་

ཉེ་ཆར་བལ་ཡུལ་གྱི་སྲིད་བློན་གསར་པ་ པར་ཅན་རྡ་ པེ་ཅིང་ཨོ་ལིམ་པིག་གི་ལུས་རྩེལ་འགྲན་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོར་མཉམ་ཞུགས་གནང་བ་དང་སྦྲགས་ རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་དང་མཇལ་འཕྲད་གནང་སྟེ་རྒྱ་ནག་དང་བལ་ཡུལ་དབར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་བཞིན་པ་སོགས་ཀྱི་གནད་དོན་ཐད་བལ་ཡུལ་ནང་གི་བོད་མི་ཚོས་ད་ལྟའི་བལ་ཡུལ་གྱི་གཞུང་གསར་པ་དེར་ཧ་ཅང་གི་ཐུགས་འཚབ་གནང་བཞིན་ཡོད་པ་རེད་

བལ་ཡུལ་གྱི་གཞུང་གསར་པའི་ངོས་ནས་གསུངས་ན་ ད་རེས་པེ་ཅིང་དུ་ཨོ་ལིམ་པིག་གི་ལུས་རྩལ་འགྲན་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོར་བཅར་བ་ལས་དེ་བཞིན་རྒྱ་ནག་གཞུང་དང་དམིགས་བསལ་གྱི་གཉེན་ཉེའི་འབྲེལ་བ་བཟོས་པ་སོགས་གང་ཡང་མིན་ལུགས་འགྲེལ་བརྗོད་བྱས་འདུག

ཡིན་ནའང་བལ་ཡུལ་དམར་ཤོགས་ཚོགས་པའི་ཕྱི་འབྲེལ་སྡེ་ཚན་གྱི་འགན་འཛིན་ ག་ཇུ་རེལ་ ཞུ་བས་བལ་ཡུལ་གྱི་ཕའེ་ནེན་ཤེལ་ཀྲའེམ་སེ་ཞེས་པའི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་གནང་བར་ལྟར་ན་ བོད་མིའི་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་བྱེད་དགོས་སྐོར་བལ་ཡུལ་གཞུང་ལ་འབོད་སྐུལ་ཞུ་གི་ཡིན་ཞེས་བརྗོད་འདུག

དེ་བཞིན་ཡང་དགུང་གྲངས་༢༦ལ་ཕེབས་པའི་བལ་ཡུལ་ནང་འཁྲུངས་པའི་བོད་མི་གཞོན་སྐྱེས་བཀྲིས་ཞུ་བས་གསུངས་ན་ བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་བརྒྱུད་རིམ་ནང་རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་ལ་དེ་བས་དོ་སྣང་ཆེ་རུ་ཕྱིན་ཡོད་པ་རེད་ཅེས་དང་ གལ་ཏེ་བལ་ཡུལ་གྱི་གཞུང་གསར་པས་བོད་མིའི་ངོ་རྒོལ་གྱི་ལས་འགུལ་ཐོག་བཙིར་གནོན་བཏང་བ་ཡིན་ན་ང་ཚོ་སྨྲ་བརྗོད་ཀྱི་རང་དབང་ལྡན་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་གནས་སྤོས་མ་འགྲོ་ཀ་མེད་ཆགས་ཀྱི་རེད་ཅེས་གསར་འགོད་པར་བརྗོད་འདུག དེ་བཞིན་ཡང་བལ་ཡུལ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཐག་པ་བསྟན་འཛིན་ལགས་ཀྱིས་བལ་ཡུལ་གཞུང་གསར་པས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོར་བཀག་སྡོམ་མ་གནང་བའི་རེ་བ་ཡོད་ཅེས་གསར་འགོད་པར་གསལ་སྟོན་གནང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།