སྐུ་ཚབ་དོན་གཅོད་དང་རྒྱ་རིཌ་མཁས་དབང་བར་མཇལ་འཕྲད།

ཨ་རིའི་སྐུ་ཚབ་དོན་གཅོད་དང་པེ་ཅིན་སློབ་གྲ་ཆེན་མོའི་རྒྱ་རིགས་མཁས་དབང་སྐུ་ཞབས་ཡོན་ཧུང་པིན་ནིའུ་དབྱོག་གྲོང་ཁྱེར་དུ་མཇལ་འཕྲད།

2011-01-07
Share

༄༅༎ཨ་རིའི་ནང་ཡོད་པའི་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་དང་རྒྱ་རིགས་འབྲེལ་འཐུད་པ་ཀུན་དགའ་བཀྲིས་ལགས་ཀྱིས་དེང་སྐབས་ཨ་རིའི་གྲོང་ཁྱེར་ནིའུ་དབྱོག་ནང་འཚམས་འདྲི་གནང་བཞིན་པའི་པེ་ཅིན་སློབ་གྲ་ཆེན་མོའི་རྒྱ་རིགས་མཁས་དབང་སྐུ་ཞབས་ཡོན་ཧུང་པིན་དང་ཐུག་འཕྲད་གནང་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་འཁོད་འདུག

སྐུ་ཞབས་ཡོན་ཧུང་པིང་ནི་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་མ་ཟད་རྒྱ་ནག་ནང་ལ་འབྲེལ་བ་ཆེ་ཞིང་  རྒྱུན་དུ་རྒྱ་ནག་གི་གནད་དོན་ལ་ཐུགས་སྣང་གནང་མཁན་ཞིག་ཡིན་པ་དང་ སྐུ་ཚབ་དོན་གཅོད་དང་སྐུ་ཞབས་ཡོན་ཧུང་པིང་དབར་ཕྱོགས་ཕན་ཚུན་མི་ཚེའི་ལོ་རྒྱུས་དང་ལས་ཀའི་ཉམས་མྱོང་སོགས་ཀྱི་ཐོག་གླེང་མོལ་གནང་ཡོད་པའི་ཁར་ལྷག་པར་དུ་རྒྱ་ནག་གི་ད་ལྟའི་སྤྱི་ཚོགས་དང་  ཆབ་སྲིད་ཀྱི་སྐོར་ཡང་སྐུ་ཚབ་དོན་གཅོད་ནས་བཀའ་འདྲི་གནང་ཡོད་པ་རེད་ 

སྐུ་ཞབས་ཡོན་ཧུང་པིར་གིས་བཙན་བྱོལ་བོད་གཞུང་གིས་རྒྱ་རིགས་མི་མང་དང་འབྲེལ་ལམ་ཤུགས་ཆེར་གཏོང་རྒྱུའི་ཐག་གཅོད་གནང་བ་དེ་ནི་སྲིད་བྱུས་ཡང་དག་པ་ཞིག་ཡིན་པའི་ངོས་འཛིན་གནང་བ་དང་ཆབས་ཅིག་མ་འོངས་པར་བྱང་ཨ་རི་སོགས་ཕྱི་རྒྱལ་ཡུལ་ཁག་ཙམ་མ་ཡིན་པར་  རྒྱ་ནག་ནང་གི་ཤེས་ཡོན་ཅན་དང་ལྷག་པར་དུ་སྤྱི་ཚོགས་སྟེང་ཤུགས་རྐྱེན་ཡོད་པའི་རྒྱ་རིགས་རྣམས་ལ་འབྲེལ་བ་སྔར་ལས་རྒྱ་ཆེར་གཏོང་དགོས་པའི་ལྷག་བསམ་གྱི་དགོངས་འཆར་གནང་ཡོད་ཅིང་ སྐུ་ཞབས་ཡོན་ཧུང་པིང་ནི་ཆབ་སྲིད་ཀྱི་དཀའ་ངལ་འཕྲད་པའི་འོག་རང་ཡུལ་རྒྱ་ནག་ནས་ཕྱི་ལོ་༢༠༠༤ལོར་ཕྱི་རྒྱལ་དུ་བཙན་བྱོལ་ལ་ཕེབས་པ་ཞིག་ཡིན་ཞིང་ དེང་སྐབས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིདྲི་ནི་ནང་བཞུགས་མུས་ཡིན་པ་དང་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་སྐུ་ཞབས་ཡོན་ཧུང་པིང་གིས་ཇི་ནི་ལྦར་སྐོང་ཚོགས་བྱས་པའི་རྒྱལ་སྤྱིའི་རྒྱ་བོད་ཚོགས་ཆེན་ལ་མཉམ་བཞུགས་གནང་ཡོད་པ་མ་ཟད་ འདས་པའི་ལོ་སྔོན་མའི་ནང་བོད་གཞུང་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ཁང་ནས་གོ་སྒྲིག་ཞུས་པ་ལྟར་བཞུགས་སྒར་རྡ་རམ་ས་ལར་ཡང་འཚམས་གཟིགས་ལ་ཕེབས་མྱོང་ཡོད་ཅིང་ ད་རེས་ཁོང་གིས་ཨ་རིའི་གྲོང་ཁྱེར་ནིའུ་དབྱོག་ནང་བོད་མི་མང་ཚོགས་ཁག་གཅིག་དང་ངོ་ཐུག་གནང་འདོད་ཡོད་པའི་རེ་འདུན་བཞིན་ སྐུ་ཚབ་དོན་གཅོད་ཁང་ནས་གོ་སྒྲིག་ཞུས་ཏེ་བོད་མི་གཞོན་སྐྱེས་ཁག་གཅིག་དང་ཐུག་ཕྲད་གནང་སྟེ་གཞོན་སྐྱེས་རྣམ་པའི་འཐབ་རྩོད་ཀྱི་སྙིང་སྟོབས་ལ་ཚད་མཐོའི་འདེང་འཇོག་གནང་ཡོད་འདུག། 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།