ཧོང་ཀོང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཆར་ལ་ཨ་རིའི་སྲིད་འཛིན་གྱིས་འཕྲལ་དུ་མཚན་རྟགས་བཀོད་རྒྱུ་མིན་པ།


2019.11.23
ཨ་རིའི་སྲིད་འཛིན་ཞེ་ལྔ་བ་ཌོ་ནལཌ་ཏྲ་རམཔ་(Donald Trump)མཆོག ༢༠༡༧ ཨ་རིའི་སྲིད་འཛིན་ཞེ་ལྔ་བ་ཌོ་ནལཌ་ཏྲ་རམཔ་(Donald Trump)མཆོག ༢༠༡༧
AFP

ཕྱི་ཚེས་ ༢༢ ཉིན་སྲིད་འཛིན་Donald Trump མཆོག་གིས་ཧོང་ཀོང་གི་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་ཀྱང་།  ཨ་རི་དང་རྒྱ་ནག་དབར་ཚོང་འབྲེལ་དཀའ་རྙོག་སེལ་ལ་ཉེ་བ་ཡོད་སྟབས།  ཁྲིམས་འཆར་དེར་འཕྲལ་དུ་ས་རྟགས་བཀོད་རྒྱུ་མིན་ལུགས་གསུངས་འདུག་ལ།  དེས་ཧོང་ཀོང་ནང་མང་གཙོའི་ལས་འགུལ་སྤེལ་མཁན་ཚོས་ཨ་རིས་ཁོང་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་བྱ་གི་རེད་བསམ་པའི་རེ་བ་དེར་དོ་ཕོག་ཕྲན་བུ་ཐེབས་ཡོད་པའི་གནས་ཚུལ་ཐོན་བདུག དེ་ཡང་ཨ་རིའི་ Fox News ཞེས་པའི་བརྙན་འཕྲིན་ལས་ཁང་གིས་སྲིད་འཛིན་Trump མཆོག་ལ་བཅར་འདྲི་ཞུས་པའི་ལན་དུ་ སྲིད་འཛིན་ Trump མཆོག་གིས། རྒྱ་ནག་གི་དབུ་ཁྲིད་ཞི་ཅིན་ཕིང་ནི་ཁོང་གི་གྲོགས་པོ་ཞིག་ཡིན་པ་དང་། སྤྱིར་བཏང་ཁོང་གིས་ཧོང་ཀོང་གི་མང་གཙོ་དང་རང་དབང་གི་ལས་འགུལ་ལ་རྒྱབ་སྐྱོར་གནང་གི་ཡོད་པ་དང་།  དེ་བཞིན་ཨ་རིས་ག་རེ་གནང་འདོད་ཡོད་ཀྱང་དེར་ཁོང་གིས་རྒྱབ་སྐྱོར་གནང་གི་ཡོད་ཀྱང་།  ཕྱོགས་གཞན་ཞིག་ནས་དེ་སྔ་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་གྱི་དཀའ་རྙོག་ཆེན་པོ་ཞིག་སེལ་ཐབས་བྱེད་བཞིན་ཡིན་པ་དེའི་ཐོག་ལའང་བསམ་བློ་གཏོང་དགོས་ལུགས་གསུངས་འདུག སྲིད་འཛིན་ Donald Trump མཆོག་གིས། ངས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ ཧོང་ཀོང་གི་དཀའ་རྙོག་སེལ་ཐབས་སུ་ཧོང་ཀོང་ནང་རྒྱ་ནག་གི་དམག་མི་བཏང་བ་ཡིན་ན། དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པ་དང་། དེས་ཨ་རི་དང་རྒྱ་ནག་གི་ཚོང་འབྲེལ་དཀའ་རྙོག་སེལ་ཐབས་ལ་གནོད་ཀྱི་ཡོད་ལུགས་ཞུས་ཡོད་པ་ལས།  རྒྱ་ནག་གི་དམག་མི་བཏང་བ་ཡིན་ན་དུས་ཡུན་སྐར་མ་ ༡༤ ཙམ་ནང་ཧོང་ཀོང་གི་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་རྣམས་རྩ་མེད་བཟོས་ཐུབ་ཀྱི་རེད་ཅེས་གསུངས་འདུག ཡང་སྲིད་འཛིན་ Trump མཆོག་གིས། རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཕྱི་ལ་དམག་མི་ས་ཡ་ལྷག་བཞག་ཡོད་ཀྱང་། དམག་མི་དེ་དག་ཧོང་ཀོང་ནང་མ་འཛུལ་བ་དེ་ནི། ཁོང་གིས་ཞི་ཅིན་ཕིང་ལ་འབོད་སྐུལ་ཞུས་པའི་ཆ་ནས་ཡིན་ལུགས་གསུངས་འདུག བདུན་ཕྲག་འདིའི་ནང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་སྤྱི་མོས་རྒྱབ་སྐྱོར་ཐོབ་པའི་ཧོང་ཀོང་གི་ཁྲིམས་འཆར་དེའི་ནང་། ཧོང་ཀོང་གི་གཞི་རྩའི་རང་དབང་གི་དོན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཐོག་དཔོན་རིགས་སུས་དྲག་གནོན་བྱས་ཀྱང་། དེར་ཨ་རིའི་གཞུང་གིས་དམ་དྲག་བཀའ་ཆད་གཏོང་རྒྱུ་ཡིན་ལུགས་འཁོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎