ཨ་མི་རི་ཀས་དྲྭ་ཐོག་འཇབ་རྒོལ་བ་ཚོར་ཉེས་ཆད་ལྗིད་པོ་གཅོད་དགོས་ཞེས་ཨ་རིའི་བདམས་ཐོན་སྲིད་འཛིན་གྱི་སློབ་སྟོན་པས་གསུངས་འདུག

ཨ་མི་རི་ཀའི་བདམས་ཐོན་སྲིད་འཛིན་ཊམཔ་ (Trump) མཆོག་གི་འཛིན་སྐྱོང་གིས་ཨ་མི་རི་ཀ་ལ་དྲྭ་ཐོག་ནས་འཇབ་རྒོལ་གཏོང་མཁན་གྱི་མི་སྒེར་པ་དང་། ཨ་རིའི་ཁ་གཏད་ཀྱི་རྒྱལ་ཁབ་ཀྱི་གཞུང་ཁག་ལ་ཉེས་ཆད་ལྗིད་པོ་གཅོད་པའི་ཐབས་ལམ་འཚོལ་ངེས་ཡིན་པ་སྲིད་འཛིན་ཊམཔ་མཆོག་གི་རྒྱལ་ཡོངས་བདེ་སྲུང་སློབ་སྟོན་པར་མིང་འདོན་བྱས་པའི་མཡེཀ་ཝལཛི་ (Mike Waltz) ལགས་ནས་རེས་གཟའ་ཉི་མའི་ཉིན་གསུངས་ཡོད་པ་དང་། སྐད་ཆ་དེ་ནི་རྒྱ་ནག་གཞུང་གིས་ (Salt Typhoon) ཟེར་བ་བརྒྱུད་ནས་དྲྭ་ཐོག་སོ་མྱུལ་གྱི་ལས་དོན་རྒྱ་ཆེར་སྤེལ་ཏེ། ཨ་མི་རི་ཀའི་སྲིད་དོན་པ་གལ་ཆེན་ཁག་གི་ཁ་པར་བརྒྱུད་བཀའ་མོལ་གནང་བ་རྣམས་ཉར་ཚགས་དང་དམིགས་འབེན་དུ་བཟུང་སྐོར་སོགས། ཨ་མི་རི་ཀས་རྒྱ་ནག་གཞུང་ལ་སྐྱོན་འཛུགས་གནང་པའི་རྗེས་སུ་བྱུང་ཡོད་པ་རེད།
ཕོ་བྲང་དཀར་པོ་ནས་ཨ་རིའི་ནང་མ་མཐའ་ཡང་བརྡ་འཕྲིན་བརྒྱུད་ལམ་དང་འཛུགས་སྐྲུན་སྒྲོམ་གཞི་མི་འདྲ་བརྒྱད་ཙམ་དྲ་ཐོག་སོ་མྱུལ་གྱིས་སྐྱོན་ཆག་བཟོས་ཡོད་པ་ཐེར་འདོན་བྱས་པ་ཟད། ཨ་མི་རི་ཀས་དྲྭ་ཐོག་ཉར་གསོག་གི་ཡིག་ཚགས་འབོར་ཆེན་ཞིག་དྲྭ་ལམ་སོ་མྱུལ་བ་ཚོས་བརྐུ་འཁྱེར་བྱས་ལུགས་གསལ་སྟོན་གནང་ཡོད་ལ། སྲིད་འཛིན་ཊམཔ་མཆོག་གི་སློབ་སྟོན་པ་མཡེཀ་ཝལཛི་ (Mike Waltz) ལགས་ནས་རྒྱ་ནག་གི་ (Salt Typhoon) ལ་ཡ་ལན་ཇི་ལྟར་སློག་མིན་གསལ་བོ་གསུང་མེད་ནའང་། སྤྱི་ཡོངས་ཀྱིས་འབྱུང་འགྱུར་ཊམཔ་སྲིད་གཞུང་གི་ལངས་ཕྱོགས་གསལ་སྟོན་དང་འབྲེལ། ཁོང་གིས་ཝ་ཤིན་ཊོན་གྱིས་དུས་ཡུན་རིང་པོ་ནས་གཙོ་ཆེ་བ་དྲྭ་རྒྱའི་བདེ་སྲུང་དང་ཡར་རྒྱས་ཐོག་ཤུགས་སྣོན་གནང་གི་ཡོད་པ་གསུང་ཡོད་པ་རེད།
ད་དུང་ཁོང་གིས་ཨ་མི་རི་ཀའི་སྒེར་གྱི་འཕྲུལ་ལས་བཟོ་གྲྭ་ཁག་གིས་ཀྱང་ཨ་མི་རི་ཀའི་གཞུང་གི་བདེ་སྲུང་ལ་རོགས་རམ་དང་། ཨ་རིའི་ཁ་གཏད་ཀྱི་གཞུང་སྒེར་སྡེ་ཚན་ཁག་གི་ནུས་པ་ཉམས་ཞན་དུ་གཏོང་རྒྱུར་ཕན་ཐོགས་འབྱུང་ངེས་ཡིན་པར་གསུངས་ཡོད་འདུག།
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།