བོད་སྐད་གློག་བརྙན་གཙང་པོ་ཞེས་བ་ཉི་ཧོང་དུ་བསྟན་འདུག
2017.05.04
བོད་ནང་ནས་བཟོས་བའི་བོད་སྐད་ཀྱི་གློག་བརྙན་གཙང་པོ་ཞེས་པ་དེ་ཐོག་མར་ཕྱིའི་རྒྱལ་ཁབ་ཏུ་ཡོངས་ཁྱབ་ཐོག་བསྟན་འདུག
དེ་ཡང་རྒྱ་ནག་ཉིན་རེའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱིས་འཁྲབ་ཁྲིད་བྱས་པའི་བོད་སྐད་ཀྱི་གློག་བརྙན་གཙང་པོ་ཞེས་བ་ཉེ་ཆར་ཕྱི་ཟླ་བཞི་བའི་ཚེས་༢༩ ཉིན་ཉི་ཧོང་གི་རྒྱལ་ས་ཀྲོ་ཀྱོའི་ནང་བསྟན་ཟིན་པ་དང་། ད་དུང་མུ་མཐུད་ནས་ཕྱི་ཟླ་དྲུག་པའི་བར་གྲོང་ཁྱེར་༡༡གི་ནང་སྟོན་འཆར་ཡོད་འདུག
གློག་བརྙན་འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བཟོ་སྐྲུན་བྱས་ཤིང་། གློག་བརྙན་དེས་བོད་པའི་ཁྱིམ་ཚང་ཕལ་བ་ཞིག་གི་བཟའ་མིའི་བར་གྱི་འབྲེལ་བ་དང་སྐྱིད་སྡུག་མཚོན་པར་བྱས་ཡོད་པ་དང་། ལྷག་པར་དུ་བུ་མོ་ཆུང་ཆུང་དབྱངས་ཅན་ལྷ་མོ་འབུར་དུ་ཐོན་པར་བྱས་ཡོད་འདུག
གློག་བརྙན་དེའི་ནང་ཨ་མ་རིན་སྒྲོལ་ལ་ཡང་བསྐྱར་མངལ་སྦྲུམ་ནས་བྱིས་པ་སྐྱེ་རག་བར་གྱི་འགྱུར་བ་གཞིར་བཟུང་སྟེ། བུ་མོ་ཆུང་ཆུང་དབྱངས་ཅན་ལྷ་མོའི་མིག་ནང་གི་ཨ་མྱེས་དང་ཕ་གུ་རུ་གཉིས་ཀྱི་མངོན་ལྐོག་གཉིས་ཀའི་འབྲེལ་བ་དང་། དེ་བཞིན་མོ་དང་ཨ་ཕའི་བར་གྱི་འབྲེལ་བ་དང་བརྩེ་བ་གཙོ་བོར་བཟུང་ཡོད་འདུག
གློག་བརྙན་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ལགས་ཀྱིས་གསར་འགོད་པར་གསུང་དོན། མི་རེ་རེར་རང་ཉིད་ཀྱི་སེམས་ཚོར་དང་རྣམ་འགྱུར་སྟོན་སྟངས་མི་འདྲ་བ་ཡོད་ཅིང་། གློག་བརྙན་ནི་སྤྱིར་བཏང་གི་སྐད་བརྡ་ཞིག་ཡིན་པས། ངས་དེ་བེད་སྤྱད་ནས་བོད་མིའི་འཚོ་བ་དངོས་ངོ་སྤྲོད་བྱེད་ཐུབ། འཛམ་གླིང་སྟེང་བོད་མིར་དངོས་ཡོད་གནས་ཚུལ་མ་ཡིན་པའི་བྱང་བུ་འདྲ་མིན་བཏགས་ཡོད་ཅེས་འགྲེལ་བརྗོད་བྱས་འདུག
གཙང་པོ་ཞེས་པའི་གློག་བརྙན་འདི་༢༠༡༥ལོར་ཡོངས་སུ་གྲུབ་ཡོད་ཅིང་། ལོ་དེར་བྷིར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་མི་རབས་ཀྱི་ཚན་ཁག་ཏུ་བདམས་པའི་གློག་བརྙན་བཞིའི་གྲས་སུ་ཚུད་ཡོད་པ་རེད།
གསར་འགོད་པ་རྡོ་རྗེ་འཚོ།