ཚེ་དབང་རྣམ་རྒྱལ་ལཊ་བཙོན་གྲོལ་བྱུང་ཡང་ཞབས་གཉིས་ཐང་ཐང་མེད་པར་གྱུར་འདུག


2018.02.08
དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་ཀྱི་ཉེ་པར་དང་དེ་སྔའི་ཞི་རྒོལ་སྐབས་རྨས་སྐྱོན་ཕོག་པའོ་བོད་མི། ༢༠༡༨ དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་ཀྱི་ཉེ་པར་དང་དེ་སྔའི་ཞི་རྒོལ་སྐབས་རྨས་སྐྱོན་ཕོག་པའོ་བོད་མི། ༢༠༡༨
བོད་འབྱོར།

བྲག་མགོ་དགོན་པའི་སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་རྒྱ་ནག་གི་བཙོན་ཁང་ནས་གློད་བཀྲོལ་ཐོབ་ཡོད་ཀྱང་ཁོང་གི་ཞབས་ཐང་ཐང་མེད་པ་ཆགས་ཡོད་འདུག
དེ་ཡང་དེ་སྔོན་ཕྱི་ལོ་ ༢༠༡༢ ལོར་འཛིན་བཟུང་བཙོན་འཇུག་བྱས་པའི་བྲག་མགོ་དགོན་པའི་སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས། ཉེ་ཆར་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༤ ཙམ་ལ་རྒྱ་ནག་གི་བཙོན་འོག་ནས་བཙོན་གྲོལ་བྱུང་ཡོད་ཀྱང་། ཁོང་གི་ཞབས་གཉིས་ཀ་ནད་པ་ཆགས་ནས་རྒྱུན་གཏན་ལྟར་འགྲོ་བསྐྱོད་མི་ཐུབ་པ་ཆགས་ཡོད་པ་དང་། དེ་ནི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཀྱི་རྐྱེན་པས་ཁོང་གི་ཞབས་གཉིས་ཀ་ནད་པར་ཆགས་པ་ནི་འགྲོ་བ་མིའི་ཐོབ་ཐང་དང་ཡོངས་སུ་འགལ་གྱི་ཡོད་སྐོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གནས་ཚུལ་མཁོ་སྒྲུབ་པ་ཁྲི་སྲོང་ལགས་ཀྱིས་འགྲེལ་བརྗོད་གནང་འདུག
བྲག་མགོ་དགོན་པའི་སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས། དེ་སྔོན་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡ ཚེས་ ༢༣ སྟེ་རྒྱ་ནག་གི་དཔྱིད་གསར་དུས་སྟོན་གྱི་ཚེས་གཅིག་ཉིན་བྲག་མགོ་རུ་སེར་སྐྱ་མང་ཚོགས་ཀྱིས་ཞི་བའི་ཡར་ལངས་བྱས་སྐབས། རྒྱ་གཞུང་དྲག་དམག་གིས་མང་ཚོགས་ཁྲོད་གང་བྱུང་གིས་མེ་མདའ་བརྒྱབ་ནས་ཡོན་ཏན་སོགས་བོད་མི་ཁག་ཅིག་དེ་གར་དམར་གསོད་བཏང་བ་མ་ཟད། མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང་། དེའི་ཉིན་ཤས་རྗེས་གྲོང་ཁྱེར་ཁྲིན་ཏུ་རུ་སྒོ་ཆེན་དགོན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་དང་། བྲག་མགོ་དགོན་པའི་སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ། ཚོང་པ་འཕྲིན་ལས། རྩིས་པ་དགྲ་ལྷ་བཅས་ཞི་རྒོལ་དོན་རྐྱེན་གྱི་ཉེས་མིང་འོག་འཛིན་བཟུང་བྱས་པ་དང་། ཕྱི་ལོ་ ༢༠༡༢ ཟླ་ ༡༡ པའི་ཟླ་མགོར་གནས་ཚུལ་ཤེས་གསལ་བྱུང་དུས། སྒོ་ཆེན་དགོན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ལ་ལོ་ ༧ དང་། ཕྱག་མཛོད་དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་(བསྟན་དགའ་)དང་། སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ། རྩིས་པ་དགྲ་ལྷ་ལ་བཅས་ལ་ལོ་ ༦ རེ་དང་། དགོན་པའི་ཚོང་པ་འཕྲིན་ལས་ལ་ལོ་ ༥ ཡི་ཁྲིམས་ཐག་བཅད་ཡོད་འདུག་ཀྱང་། ནང་མི་འབྲེལ་ཡོད་ཁག་གིས་ཉིན་བཅོ་ལྔའི་རྗེས་མ་གཏོགས་ཤེས་རྟོགས་བྱུང་མེད་པ་རེད།
ཁྱོན་ལོ་དེར་བྲག་མགོ་རྫོང་ཁོངས་སུ་བོད་དོན་ལས་འགུལ་གྱི་ཉེས་མིང་འོག་བོད་མི་༣༦ ཙམ་ལ་ཁྲིམས་ཐག་བཅད་ཡོད་པ་རེད།
དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་ནི། ཕྱི་ལོ ༡༩༧༠ ལོར་བྲག་མགོའི་ཆུ་དབར་གྲོང་དུ་ཕ་རྡོ་དགའ་དང་མ་ཚེ་འཛིན་ལྷ་མོ་གཉིས་སུ་སྐྱེས་ཤིང་། ཆུང་དུས་སློབ་གྲྭར་འགྲིམས་ཏེ་རྒྱ་བོད་ཀྱི་ཡིག་རིགས་ལ་སྦྱང་བརྩོན་བྱས། ཕྱི་ལོ་ ༡༩༨༧ ལོར་རྒྱ་གར་ལ་ཕེབས་ཏེ་འབྲས་བློ་གླིང་གྲྭ་ཚང་དུ་ཆོས་སྒོར་ཞུགས། དགོན་དེའི་སློབ་གྲྭ་སོགས་ནས་ནང་དོན་རིག་པ་དང་དབྱིན་བོད་ཧིན་གསུམ་ལ་སྦྱང་པ་གནང་། ༡༩༩༤ ལོར་རྡ་སའི་རིགས་ལམ་སློབ་གཉེར་ཁང་དུ་ཕེབས་ཏེ་རིས་མེད་ཆོས་བརྒྱུད་ཆེན་པོའི་ལྟ་གྲུབ་ལ་སྦྱང་པ་མཐར་སོན་གནང་ཐོག་སློབ་གཉེར་ཁང་དེ་ནས་རིས་མེད་སློབ་དཔོན་ཀྱི་མཚན་རྟགས་བཞེས། འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བཤེས་དམ་བཅའ་བཞག ཕྱི་ལོ ༢༠༡༡ ལོར་ཕྱིར་རང་ཡུལ་ཕེབས་ཏེ་བྲག་མགོ་དགོན་པའི་སློབ་དགེ་ཡི་ཐུགས་འགན་བཞེས་ཡོད་འདུག

གསར་འགོད་པ་སངས་རྒྱས་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎