ཡོ་རོབ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་འདུ་ཚོགས་འདུག
2017.05.08
ཤར་ཡོ་རོབ་ཀྱི་ཡུལ་གྲུ་(Latvia)ནང་ཡོ་རོབ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་འདུ་སྐོར་ཚོགས་གནང་འདུག
དེ་ཡང་ཟླ་བ་འདིའི་ཚེས་༥་ནས་ཚེས་༧་བདུན་བར་ཉིན་གྲངས་གསུམ་རིང་། ཤར་ཡོ་རོབ་ཀྱི་ཡུལ་གྲུ་ལ་ཏི་ཝི་ཡའི་ནང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་འམ་International Tibet Network ཞེས་པས་གོ་སྒྲིག་བྱས་ནས་ཡོ་རོབ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་འདུ་ཞིག་བསྐོངས་ཚོགས་གནང་འདུག
ཐེངས་འདིའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཚོགས་འདུ་དེར་ཡོ་རོབ་རྒྱལ་ཁབ་ཁག་ ༢༡ ནས་ཁྱོན་བསྡོམས་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༥༥ ཙམ་མཉམ་ཞུགས་གནང་ཡོད་པ་དང༌། ཚོགས་འདུའི་དམིགས་ཡུལ་ནི། བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་ཁུལ་འབྲེལ་བ་ཤུགས་ཆེ་རུ་བཏང་ནས་ཐུན་མོང་ཐོག་ལས་འགུལ་གསར་པ་ཇི་ལྟར་སྤེལ་དགོས་པའི་སྲིད་བྱུས་དང་ཐབས་ལམ་འཚོལ་རྒྱུ་དཔེར་ན། ལོ་འདིར་བོད་མིའི་སྒྲིག་འཛུགས་ཀྱིས་ལས་འགུལ་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་སྟབས་རྒྱབ་སྐྱོར་ཚོགས་པ་ཚོས་དེའི་ཐོག་འཕྱར་བ་གྲུ་འདེགས་ཇི་ལྟར་གནང་དགོས་མིན་སོགས་ཀྱི་ཐོག་ཕན་ཚུན་བསམ་ཚུལ་བརྗེ་ལེན་དང་སྦྱོང་བརྡར་གནང་རྒྱུ་སོགས་ཡིན་འདུག
དེ་ཡང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་འཛིན་སྐྱོང་འགན་འཛིན་ལྕམ་ཨེ་ལི་སོན་རེ་ནོལ་ཌི་Alison Reynolds མཆོག་གིས་ཚོགས་འདུ་དབུ་འབྱེད་གནང་བ་དང་། ལ་ཏི་ཝི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཇ་ནིས་མར་ཊིན་སུ་ཀུ་ཇ་ Janis Martins Skuja ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་འདུག ཚོགས་འདུའི་ཉིན་གཉིས་བར་ལ་ཏི་ཝའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གནང་མཁན་སྐུ་ཞབས་ Martin Sics མཆོག་ནས་བོད་དོན་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་ལུགས་གསུངས་འདུག
ཡང་གོང་ཞུས་ཚོགས་འདུའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་པ་བསོད་ནམས་བཟང་མོ་ལགས་ཀྱིས། སྔ་ལོ་སྦེལ་ཇམ་གྱི་རྒྱལ་ས་སྦར་སེལ་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་ལམ་ལྷོང་ལྡན་པའི་ངང་བསྐོང་ཚོགས་གནང་ཐུབ་ཡོད་སྐོར་དང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཕྱི་ལོ་ ༢༠༡༧ ལོ་འདི་བོད་དོན་ལས་འགུལ་གྱི་ལོར་སྲུང་བརྩི་ཞུ་རྒྱུ་མ་ཟད། ཕྱི་ལོ་ ༢༠༡༨ ལོར་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་གཏན་འཁེལ་བ་ལྟར་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་སྔར་ལྷག་ནུས་པ་དང་གྲུབ་འབྲས་ལྡན་པའི་ལས་འགུལ་སྤེལ་གནང་ཡོང་བའི་འབོད་སྐུལ་ཞུས་པ་དང་སྦྲགས། དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ཞིབ་རྒྱས་ངོ་སྤྲོད་གནང་བ་སོགས་ཀྱི་ལམ་ནས་ཚོགས་འདུ་ཚེས་བདུན་ཉིན་མཇུག་སྒྲིལ་གནང་ཡོད་འདུག
ཚོགས་འདུ་འདིའི་སྐབས་ཡོ་རོབ་ཁུལ་གྱི་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་། བསམ་མདོ་བྱམས་པ་ཚེ་རིང་ལགས། དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཆོས་འཕེལ་ཚེ་རིང་ལགས། ཕྱི་དྲིལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་བསོད་ནམས་བཟང་མོ་ལགས་བཅས་ཀྱང་མཉམ་ཞུགས་གནང་ཡོད་པ་རེད།།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།