༢༠༡༩ལོ་ཧྲིལ་པོར་རྒྱལ་སྤྱིའི་རྗེ་བླ་མ་ཙོང་ཁ་པའི་ལོ་ལ་སྲུང་བརྩི།

2019-02-22
གློག་འཕྲིན།
མཆན།
Share
པར་བཀོད།
གསར་འགོད་ལྷན་ཚོགས་སྐབས། ༢༠༡༩།༢།༢༢
གསར་འགོད་ལྷན་ཚོགས་སྐབས། ༢༠༡༩།༢།༢༢
RFA

རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་༢༠༡༩ལོ་ཧྲིལ་པོར་རྒྱལ་སྤྱིའི་རྗེ་བླ་མ་ཙོང་ཁ་པའི་ལོ་ཞེས་ལས་རིམ་འདྲ་མིན་གྱི་ལམ་ནས་སྲུང་བརྩི་ཞུ་བཞིན་འདུག
དེ་ཡང་ཕྱི་ལོ་༢༠༡༩ ལོ་སྟེ། རྗེ་ཙོང་ཁང་པ་བློ་བཟང་གྲགས་པ་མཆོག་སྐུ་གཤེགས་ཏེ་ལོ་ངོ་༦༠༠ ཧྲིལ་པོ་འཁོར་བའི་ལོ་དེ་ཡིན་པས། རྗེ་བླ་མ་ཙོང་ཁ་པའི་ལོ་ཞེས་རྗེས་དྲན་ཞུ་བའི་མཚན་འདིའི་ཐོག་ནས་ལས་རིམ་རྣམ་གྲངས་མི་འདྲ་བ་ ༡༡ ཙམ་གོ་སྒྲིགས་གནང་རྒྱུ་དང་། དེ་ཡང་ལས་རིམ་ཐོག་མ་དེ་ཕྱི་ཟླ་ ༡ ནང་གཉེར་བའི་དབུ་མ་སྙིང་པོའི་ཐོག་གི་བགྲོ་གླེང་དེ་ཡིན་པ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་ལྷ་རམས་པ་བློ་བཟང་རྒྱལ་མཚན་ལགས་ཀྱིས་ཕྱི་ཟླ་ ༢ ཚེས་༢༢ ཉིན་ཚོགས་པའི་གསར་འགོད་ལྷན་ཚོགས་དེའི་ཐོག་གསུངས་འདུག
ལས་རིམ་གཉིས་པ་དམིགས་བརྩེ་མ་ས་ཡ་༦༠༠གྲངས་གསོག་ལས་རིམ་དེ་ད་ལྟ་འགྲོ་བཞིན་ཡོད་འདུག་ཅིང་། དེ་མིན་གྲ་སྒྲིག་འགྲོ་བཞིན་པའི་ལས་རིམ་ཁག་ནི་རྗེ་ཙོང་ཁ་པའི་སྣང་བརྙན་༡༠༠༠ ཐམ་པ་དང་སྟོན་པའི་སྣང་བརྙན་༡༠༠༠ ཐམ་པ་གསར་བཞེངས་གནང་རྒྱུ་ཡིན་འདུག གཞན་ཡང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་དེབ་དཔར་སྐྲུན་ཞུ་རྒྱུ་དང་། དཔྱད་རྩོམ་དང། སྙན་རྩོམ་འགྲན་བསྡུར་ལས་རིམ། བློ་རྒྱུགས་འགྲན་སྡུར་ལས་རིམ། ཧོང་ཀོང་དུ་གསུང་ཆོས་ཀྱི་མཛད་རིམ། མ་ལེ་ཤི་ཡར་གསུང་ཆོས་ཀྱི་མཛད་རིམ། སྨོན་ལམ་འཕར་མའི་མཛད་རིམ། དེ་བཞིན་དམིགས་བསལ་བགྲོ་གླེང་གི་ལས་རིམ་སོགས་ཡིན་པ་རེད་འདུག།
རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་ནི་ཕྱི་ལོ་༡༣༥༧་ ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས་ཤིང་། དབུས་གཙང་དུ་རྗེ་བཙུན་རེ་མདའ་བ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོར་བསྟེན་ནས་མདོ་སྔགས་ཆོས་ཚུལ་མཐའ་ཡས་པར་གསན་བཞེས་རྒྱ་ཆེར་མཛད་པ་དང་། ཕྱི་ལོ་༡༤༠༩ ལོ་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་པ་དང་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཐོག་མར་དབུ་འཛུགས་གནང་། གཞན་ཡང་མདོ་སྔགས་གཉིས་ཀྱི་དགོངས་འགྲེལ་ལམ་རིམ་དང་སྔགས་རིམ་སོགས་ལེགས་བཤད་མང་དུ་བརྩམས་ནས་བསྟན་འགྲོ་སྤྱི་ལ་སྨན་པའི་མཛད་རྗེས་རླབས་ཆེན་བཞག་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།