བྱ་དོ་རིན་པོ་ཆེ་གཙོས་པའི་མི་གྲངས་ཉིས་བརྒྱ་བརྒལ་བས་མཚམས་བསྡམས་ཏེ། དུས་འཁོར་གྱི་སྔགས་བྱེ་ཆེན་གཉིས་ལྷག་༸གོང་ས་མཆོག་གི་ཞབས་བརྟན་དུ་བསགས་པ།

2024.04.05
བྱ་དོ་རིན་པོ་ཆེ་གཙོས་པའི་མི་གྲངས་ཉིས་བརྒྱ་བརྒལ་བས་མཚམས་བསྡམས་ཏེ། དུས་འཁོར་གྱི་སྔགས་བྱེ་ཆེན་གཉིས་ལྷག་༸གོང་ས་མཆོག་གི་ཞབས་བརྟན་དུ་བསགས་པ། ༸གོང་ས་མཆོག་གིས་བྱ་དོ་རིན་པོ་ཆེར་མཇལ་ཁ་སྩལ་བའི་སྐབས། ༢༠༢༤།༠༤།༠༥ ཉིན།
དགའ་ལྡན་ཕོ་བྲང་།

རྒྱ་གར་ནང་གི་ཞ་ལུ་དགོན་པར་རྣམ་རྒྱལ་གྲྭ་ཚང་དང་རྒྱུད་སྟོད་མཁན་ཟུར་བྱ་དོ་རིན་པོ་ཆེ་མཆོག་གཙོས། བོད་མི་དང་ཕྱི་རྒྱལ་མི་རིགས་འདྲ་མིན་གྱིས་མཚོན་པའི་བླ་སྤྲུལ་དང་བཀའ་རམས་འབྱམས་དགེ་བའི་བཤེས་གཉེན། རི་ཁྲོད་པ་དང་དཔེ་ཆ་བ་སོགས་མི་གྲངས་ཉིས་བརྒྱ་ལྷག་སྤྱི་ཟླ་ ༣ པའི་ཚེས་ ༡ ནས་ ༤ པའི་ཚེས་ ༤ བར་དུ། དུས་འཁོར་ཐུགས་བསྐྱེད་ཀྱི་ཐོག་ནས་མཚམས་ལ་བཞུགས་ཏེ། དུས་འཁོར་གྱི་སྔགས་བྱེ་ཆེན་གཉིས་ལྷག་ལོངས་པར་བསགས་པ་རྣམས་༸གོང་ས་མཆོག་གི་སྐུ་ཚེ་ཞབས་པད་བརྟན་པའི་སྐུ་ཚེའི་ཚེ་སྒྲུབ་ཀྱི་དོད་དུ་ཕུལ་ནས། སྤྱི་ཟླ་ ༤ པའི་ཚེས་ ༥ ཉིན་བཞུགས་སྒར་ཕོ་བྲང་དུ་༸གོང་ས་མཆོག་ལ་མཇལ་ཁ་ཞུས་པར། མགོན་པོ་གང་ཉིད་ནས་ཁོང་ཚོར་འཇམ་དཔལ་དཔའ་བོའི་སྒོ་ནས་བསྔོ་སྨོན་བྱིན་རླབས་གནང་ཡོད་པ་དང་། ཐོག་མའི་ཆར་ཐུགས་རྗེ་རྗེས་འཛིན་གྱི་སྙན་གསན་སྒྲོན་སྐབས་ཡི་རང་དབུགས་དབྱུང་གནང་ཡོད་སྐོར། མཁན་ཟུར་བྱ་དོ་རིན་པོ་ཆེ་མཆོག་ནས་འགྲེལ་བརྗོད་གནང་གི་འདུག

Dalai-Lama-Audience-OHHDL.jpeg
པར་དབང་། དགའ་ལྡན་ཕོ་བྲང་།

ཁོང་གིས་བུ་སྟོན་ཐམས་ཅད་མཁྱེན་པའི་དུས་འཁོར་གྱི་མཆན་སྦྲགས་འགྲེལ་ཆེན་ཞིག་ཡོད་པ་དེར། ཁྲིད་རྒྱུན་དང་ལུང་རྒྱུན་འདོན་ཐུབ་ན་ཡག་པོ་འདུག་ཅེས་ང་ལ་གསུང་སོང་བ་དང་། སྔོན་མ་༸གོང་ས་མཆོག་གི་བཀའ་དགོངས་ཀྱི་འོག་ནས་༸ཀིརྟིའི་མཚན་ཞབས་རིན་པོ་ཆེས་རྣམ་རྒྱལ་གྲྭ་ཚང་གི་གཙུག་ལག་ཁང་འདིར། ཉི་མ་བཞི་བཅུའི་རིང་དུས་འཁོར་འགྲེལ་ཆེན་གནང་བའི་ཁྲིད་རྒྱུན་ང་ཚོར་ཐོབ་པ་དེ། ལོ་གཉིས་ཀྱི་གོང་ཞ་ལུ་དགོན་པར་ཕུལ་རྒྱུ་བྱུང་བ་དང་ཆབས་ཅིག ཞ་ལུ་དགོན་པར་དུས་འཁོར་གྱི་དབང་ཞིག་ཀྱང་གནང་རྒྱུ་བྱུང་ཡོད་པས། ཁོ་ཚོས་བསྙེན་སྒྲུབ་ཞིག་གནང་འདུན་ཡོད་པར་རོགས་པ་གནང་རོགས་ཞུས་པ་ལྟར། མཚམས་བསྙེན་སྒྲུབ་འདིའི་སྐབས་ཞ་ལུ་དགོན་པའི་འབྲེལ་ཡོད་ཚང་མས་ཐུགས་ཁུར་ཆེ་བཞེས་གནང་ཡོད་པ་འགྲེལ་བརྗོད་གནང་སོང་།

བུ་སྟོན་རིན་པོ་ཆེའི་དུས་འཁོར་འགྲེལ་ཆེན་གྱི་རྒྱུན་འདི་ནི་༸གོང་ས་མཆོག་སྔར་བོད་ནང་བཞུགས་སྐབས་ནས། ཁྲིད་རྒྱུན་དཀོན་པོ་དེ་མདོ་སྨད་ཀྱི་ཕྱོགས་སུ་ཡོད་པ་ཡིན་ན། དབུས་ངོ་ཕྱོགས་སུ་ཁྱབ་སྤེལ་བྱུང་ན་ཧ་ཅང་ཡག་པོ་འདུག་ཅེས་ཐུགས་ཁུར་བཞེས་པ་དང་། རྒྱ་གར་དུ་ཕེབས་ནས་དུས་འཁོར་འགྲེལ་ཆེན་གྱི་རྒྱུན་དེ་ཉག་ཕྲ་བོ་མིན་ནམ་ཞེས་ཡོངས་འཛིན་གླིང་རིན་པོ་ཆེར་དགོངས་སྐོར་ཞུས་པར། ཁྲིད་རྒྱུན་དེ་ཏན་ཏན་རྒྱ་གར་དུ་ཕེབས་ཡོད་པར་ཐག་ཆོད་ཅེས་མངོན་མཁྱེན་གྱི་ཚུལ་དུ་གསུངས་པ་ནང་བཞིན། ཕྱིས་སུ་༸ཀིརྟིའི་མཚན་ཞབས་རིན་པོ་ཆེར་ཁྲིད་རྒྱུན་ཡོད་པ་ངེས་འདྲོངས་ཀྱིས་༸གོང་ས་མཆོག་གིས་བཀའ་ཕེབས་ཀྱིས། མཚན་ཞབས་རིན་པོ་ཆེས་ཁྲིད་རྒྱུན་དཀོན་པོ་དེ་ཚར་བདུན་གསེར་ཀོང་མཚན་ཞབས་དང་། དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་སོགས་ལ་སྩལ་བ་ངོ་སྤྲོད་གནང་གི་འདུག

ལོ་རྒྱུས་ཀྱི་ཐོག་ནས་དབུས་གཙང་གི་ཞ་ལུ་དགོན་པ་ནི་བུ་སྟོན་ཐམས་ཅད་མཁྱེན་པའི་གདན་ས་ཡིན་པ་དང་། བུ་སྟོན་རིན་པོ་ཆེའི་ལུགས་ཀྱི་དུས་འཁོར་བཀའ་དབང་དང་མན་ངག་སོགས་རྗེ་ཙོང་ཁ་པ་ཆེན་པོར་བརྒྱུད་དེ་དགེ་ལྡན་གྱི་ཕྱོགས་ལ་དར་སྲོལ་ཆེ་བས། རྩེ་རྣམ་རྒྱལ་གྲྭ་ཚང་གི་དུས་འཁོར་སྒྲུབ་མཆོད་དང་ཆོག་གྲྭ་སོགས་ཚང་མ་བུ་ལུགས་ཀྱི་ཕྱག་བཞེས་ལྟར་ཕེབས་ཀྱི་ཡོད་པ་རེད།

གསར་འགོད་པ། བློ་བྷེ། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་རྒྱ་གར་གྱི་གཏམ་བརྗོད་དང་གློག་བརྙན་འཁྲབ་སྟོན་པ་ཁག་ཅིག་ལ་མཇལ་ཁ་བསྩལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་སུད་སིར་ཉིན་གཉིས་རིང་འཚོགས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎