༧སྐྱབས་རྗེ་རྒྱལ་བ་སྨན་རི་ཁྲི་འཛིན་༣༤པ་མཆོག་གི་གསེར་ཁྲི་མངའ་སྲོལ།

༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་གསེར་ཁྲི་མངའ་སྲོལ་གྱི་མཛད་སྒོ་ཉིན་གཉིས་རིང་གནང་ཡོད་པ།

ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་གི་གསེར་ཁྲི་མངའ་སྲོལ་གྱི་མཛད་སྒོ།

༄༅། །༧ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་གསེར་ཁྲི་མངའ་སྲོལ་གྱི་མཛད་སྒོ་ཉིན་གྲངས་གཉིས་རིང་གནང་ཡོད་པ་རེད། ༧སྐྱབས་རྗེ་སྨན་རི་ཁྲི་འཛིན་༣༤པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་དེ བཞིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རི་གླིང་དུ་སྤྱི་ཚེས་༧ཉིན་ཚོགས་གནང་ཡོད་ཅིང །  སྔ་དྲོ་ཕྱག་ཚོད་༩།༣༠ཐོག་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤པ་མཆོག་དང་། གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག བཤད་སྒྲུབ་མཁན་སློབ་རྣམ་གཉིས། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས། གཡུང་དྲུང་བོན་གྱི་སྤྱི་འཐུས་རྣམ་གཉིས་སོགས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་འཐུས་མི་རྣམ་པ། སེར་སྐྱ་མི་མང་དང་སློབ་ཕྲུག་སོགས་འདུ་འཛོམས་ཐོག་མཛད་སྒོའི་ཐོག་མར་སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གིས་ཕེབས་བསུ་དང་ལྷན་མཛད་སྒོ་ངོ་སྤྲོད་ཀྱི་གསུང་བཤད་གནང་འདུག དེ་རྗེས་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་ཡོད་པ་དང།དེ་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་བའི་ནང་།  གཡུང་དྲུང་གི་བོན་ནི་རང་ཅག་བོད་མི་རིགས་ཀྱི་ཕ་མེས་ཡང་མེས་ཀྱི་ཆོས་ལུགས་ཤིག་ཡིན་པ་མ་ཟད་འདས་པའི་མི་ལོ་ ༡༨༠༠༠གི་ཡར་སྔོན་ནས་བཟུང་ད་བར་ཆག་འཇིགས་དང་དར་འཕེལ་སྣ་ཚོགས་ཤིག་བྱུང་ཡོད་ནའང་། བོན་གྱི་བསྟན་པ་སྲ་བརྟན་དུ་གནས་ཐུབ་པ་འདི་བོན་གྱི་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱི་བཀའ་དྲིན་ཡིན་པ་གསུངས་ཏེ།  ལྷག་པར་དུ་༡༩༥༩ལོར་རྒྱལ་བསྟན་སྤྱི་ལ་གོད་ཆགས་བྱུང་ནས་ཆོས་ལུགས་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་བཙན་བྱོལ་དུ་ཕེབས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་བསྟན་པ་སླར་གསོ་བྱུང་བ་ཙམ་དུ་མ་ཟད། སྐབས་དེར་གཡུང་དྲུང་བོན་ལ་མཚོན་ན་བོན་གྱི་ཆོས་བརྒྱུད་འཛིན་པའི་བསྟན་འཛིན་གྱི་སྐྱེས་བུ་མང་པོ་ཞིག་བཙན་བྱོལ་དུ་ཕེབས་ཡོད་ནའང་། སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༣པ་མཆོག་དང་། སྐྱབས་རྗེ་སྨན་རི་ཡོངས་འཛིན་སྨྲ་བའི་སེངྒེ་མཆོག་རྣམ་གཉིས་བཙན་བྱོལ་དུ་ཕེབས་ཐུབ་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་ངོས་འཛིན་ཞུས་གནང་འདུག།
སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་ནི། བོད་ཕྱི་ནང་གཉིས་སུ་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་དང་ཐུན་མོང་རིག་གནས་བཅས་པར་སློབ་མཐར་སོན་ནས་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་བཞེས་གནང་ཡོད་པ་དང་།  ༢༠༡༨ ཟླ་ ༡ ཚེས་ ༡ཉིན་༧ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་སྨན་རིའི་ཁྲི་འཛིན་ ༣༤ པར་རྟགས་རིལ་བབས་ཏེ། ༢༠༡༨ ཟླ་བ་གཉིས་པའི་ཚེས་ ༢༠ཉིན་རྒྱལ་བ་སྨན་རི་བའི་མཚན་གནས་བཞེས་ཏེ། རིན་པོ་ཆེ་མཆོག་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་དངོས་གཞི་དེ་བཞིན་སྤྱི་ཚེས་༧ཉིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རི་གླིང་དུ་གནང་ཡོད་པ་རེད།།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ།