ཁམས་སེར་ཤུལ་རྫ་དབོན་པོའི་ཡུལ་ཚོར་སླར་ཡང་རྒྱ་ནག་གཞུང་གིས་བོད་མི་གཉིས་འཇུ་བཟུང་བྱས་འདུག

2019-11-21
གློག་འཕྲིན།
མཆན།
Share
པར་བཀོད།
 ཁམས་སེར་ཤུལ་རྫ་དབོན་པོའི་ཡུལ་ཚོར་སླར་ཡང་བོད་མི་ཆོས་རྒྱལ་དང་ཡོན་ཏན་གཉིས་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་བརྟེན་ཁོང་གཉིས་འཛིན་བཟུང་བྱས་ཡོད་པ།
ཁམས་སེར་ཤུལ་རྫ་དབོན་པོའི་ཡུལ་ཚོར་སླར་ཡང་བོད་མི་ཆོས་རྒྱལ་དང་ཡོན་ཏན་གཉིས་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་བརྟེན་ཁོང་གཉིས་འཛིན་བཟུང་བྱས་ཡོད་པ།
ཆོས་སྐྱིད།

ཕྱི་ཟླ་ ༡༡ ཚེས་ ༢༡ གི་ཉིན་རྒྱབ་ཚོུད་ ༢ཿཿ:༣༠ཙམ་ལ་ཁམས་སེར་ཤུལ་རྫ་དབོན་པོའི་ཡུལ་ཚོའི་ཉེན་རྟོག་ལས་ཁུངས་མདུན་དུ་མི་སྐྱ་གཉིས་ཀྱིས་བོད་རང་བཙན་ཡིན་ཞེས་སྐད་འབོད་དང་སྣག་ཚ་ནག་པོ་དང་དམར་པོའི་ལག་བྲིས་མ་བོད་རང་བཙན་ཞེས་པའི་ཡིག་གེ་གཏོར་བཀྲམ་བྱས་པར་བརྟེན་འཛིན་ཟུང་བྱས་པ་གནས་ཚུལ་བརྒྱུད་མངའ་ཡོད་མཁན་རྒྱ་གར་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་བྱ་བྲལ་ཁང་ཚན། དབོན་པོ་དགོན་གྱི་དགེ་འདུན་པ་བྱམས་པ་ཡོན་ཏན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འདྲ་པར་དང་བརྙན་ཐུང་དང་བཅས་གནས་ཚུལ་མཁོ་སྤྲོད་གནང་ཡོད་པ་རེད།

ངོ་རྒོལ་སྐད་འབོད་དང་ཡིག་ཆ་འགྲེམ་གཏོར་གནང་མཁན་བོད་མི་དེ་གཉིས་ནི་ཡོན་ཏན་དང་ཆོས་རྒྱལ་ཡིན་འདུག་ཅིང་། ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་མ་སྤེལ་སྔོན་སྐར་ཆ་ཉུང་ངུ་ལས་མེད་པའི་བརྙན་ཐུང་འགའ་ཤས་བཟོས་འདུག་པ་དེ་དག་གི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་སྣག་ཚ་ནག་པོ་དང་དམར་པོས་བྲིས་པའི་བོད་རང་བཙན་ཞེས་པའི་ཡིག་གེ་ཤོག་ལྷེ་མང་པོ་ཡོད་པ་མཐོང་རྒྱུ་ཡོད་པར་གཞིགས་ན། ཁོང་གཉིས་ཀྱིས་ལས་འགུལ་དེ་འཆར་གཞི་ལྡན་པའི་ཐོག་ནས་སྤེལ་བ་ཚོད་དཔག་ཐུབ་རྒྱུ་ཡིན་འདུག

ཁོང་གཉིས་ཀྱི་ངོ་རྒོལ་འདི་ནི་ཕྱི་ཟླ་ ༡༡ ནང་རྫ་དབོན་པོ་ཡུལ་ཚོའི་ནང་བོད་མིས་རྒྱ་ནག་ལ་ངོ་རྒོལ་སྐད་འབོད་བྱས་པ་ཐེངས་གཉིས་པ་དེ་ཡིན་ལ།  ངོ་རྒོལ་དང་པོ་དེ་ཕྱི་ཟླ་ ༡༡ ཚེས་ ༧ ཉིན་བྱུང་ཞིང་། དོན་རྐྱེན་དེ་དང་འབྲེལ་ནས་རྫ་དབོན་པོ་དགའ་ལྡན་བཤད་སྒྲུབ་གླིང་གི་དགེ་འདུན་པ་ལྔ་འཇུ་བཟུང་བྱས་ཤིང་། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། དགེ་འདུན་པ་གཅིག་རྗེས་སུ་གློད་གྲོལ་བཏང་ཡོད་འདུག

དེ་བཞིན་ཕྱི་ཚེས་ ༡༨ ཉིན་ཉི་མེས་ཟེར་བ་ཞིག་གིས་ཕྱི་ཚེས་ ༧ ཉིན་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་རྣམས་ལ་རྒྱབ་སྐྱོར་གྱི་ཡིག་གེ་ཞིག་བྲིས་པའི་རྐྱེན་གྱིས་འཇུ་བཟུང་བྱས་འདུག

ཕྱི་ཚེས་ ༢༡ ཉིན་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཡོན་ཏན་ལགས་དང་ཆོས་རྒྱལ་ལགས་གཉིས་ཀྱིས་སོ་སོའི་སྐད་འཕྲིན་རྒྱབ་ལྗོངས་སུ་༼རང་གི་ཁ་ཕྱོགས་༽་དང་༼སྐད་ཆ༽ཞེས་པའི་རྩོམ་ཐུང་རེ་རེ་བྲིས་འདུག་པ་དང་།  དེ་དག་གི་ནང་དོན་ནི་བོད་མི་རིགས་ཀྱི་བདེ་སྡུག་དང་འབྲེལ་བ་ཡོད་པ་གྲྭ་བྱམས་པ་ཡོན་ཏན་ནས་གསུངས་འདུག

དེ་བཞིན་སྤྱི་ལོ་༢༠༡༢ལོར་ཡང་ས་གནས་དེ་ནས་བོད་མི་ཁག་ཅིག་གིས་ངོ་རྒོལ་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པ་རེད།

གནས་ཚུལ་འབྱུང་ཁུངས་ཀྱིས་བརྗོད་ན། གཙོ་བོ་ཡུལ་ཚོ་དེའི་ལས་བྱེད་པ་ཚོས་བཙན་ཤེད་ཀྱིས་འབྲོག་པ་གྲོང་ཁྱེར་ནང་གནས་སྤོ་བྱེད་འཇུག་པ་ཚོའི་ཁང་ཁྱིམ་ནང་༧གོང་ས་མཆོག་གི་སྐུ་པར་འགྲིག་གཤོམ་བྱས་པ་མར་ཕབ་བཅུག་ནས། རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་པིང་གི་འདྲ་པར་ཡར་བཤམས་སུ་བཅུག་པ་སོགས་བོད་མིའི་སེམས་ལ་ཕོག་ཐུག་འགྲོ་གཞིའི་ལས་འགུལ་སྤེལ་བར་བརྟེན། ངོ་རྒོལ་གྱི་ལས་འགུལ་དེ་དག་སྤེལ་བར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།།



མཆན། (0)
Share
དྲ་གནས་ཆ་ཚང༌།