ལ་དྭགས་སླེ་ས་གནས་གཞོན་ནུ་དང་དབུས་གཞོན་ནུ་གཉིས་གནས་སྐབས་ཞི་འགྲིག་བྱུང་འདུག


2019.09.24
གཞོན་ནུ་དབུས་ས་གཉིས་མཇལ་མོལ་སྐབས། ༢༠༡༩།༩ གཞོན་ནུ་དབུས་ས་གཉིས་མཇལ་མོལ་སྐབས། ༢༠༡༩།༩
TYC/FB

སྔོན་འགྲོའི་ཆ་རྐྱེན་ཞིག་གི་འོག་ལ་དྭགས་ཀྱི་རྒྱལ་ས་སླེ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་བཞིན་ལོ་དྲུག་གི་རྗེས་སུ་སླར་ཡང་ཕྱིར་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་སུ་ཞུགས་རྒྱུའི་ཐག་གཅོད་བྱུང་འདུག
ལ་དྭགས་སླེ་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་ཀུན་བཟང་བདེ་ཆེན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཕན་ཚུན་འགྲིག་མཐུན་བྱུང་བའི་ཆ་རྐྱེན་ནི། མ་འོངས་གཞོན་ནུའི་སྒྲིག་འཛུགས་ཀྱི་འགན་འཛིན་ལྷན་ཚོགས་སུ་བཅར་རྒྱུ་དང་། གཞོན་ནུའི་ཚོགས་ཆེན་ཐེངས་༡༨་པའི་ཐོག་མང་མོས་ཐག་གཅོད་ཀྱི་ལས་རིམ་ཞིག་དགོས་པ་དང་། གལ་ཏེ་སྐབས་དེར་ལ་དྭགས་ས་གནས་གཞོན་ནུས་ལངས་ཕྱོགས་བཟུང་བའི་དབུ་མའི་ལམ་གྱི་ཐད་མང་མོས་མ་བྱུང་པ་ཡིན་ན་སྐབས་བབས་ཀྱིས་ཐག་གཅོད་བྱ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད་ལ། ད་དུང་ཁོང་གིས་ལ་དྭགས་ས་གནས་གཞོན་ནུ་དབུས་ཀྱི་སྒྲིགས་ཁོངས་སུ་འཛུལ་ཞུགས་ཀྱིས་ཞུ་གཏུག་གི་རིམ་པ་ཁག་གནང་རྒྱུའི་ཐག་གཅོད་གནང་པ་གསུངས་ཡོད་པ་རེད། འོན་ཀྱང་ཁོང་གིས་ལ་དྭགས་ས་གནས་གཞོན་ནུས་དབུ་མའི་ལམ་གྱི་ལངས་ཕྱོགས་བཟུང་བཞིན་པར་འགྱུར་བ་རྩ་བ་ནས་གཏོང་རྒྱུ་མིན་པའི་ཁར་དབུས་ཀྱི་ལངས་ཕྱོགས་ཡང་དབུ་མའི་ལམ་ལ་འགྱུར་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་པ་ནན་བརྗོད་གནང་འདུག
ཉེ་དུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་། དྲུང་ཆེ་རྣམ་གཉིས་ལ་དྭགས་ལ་ཆེད་ཕེབས་གནང་སྟེ། ལ་དྭགས་ཀྱི་རྒྱལ་ས་སླེ་ཡི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་དང་རྒྱུན་ཟུར། དེ་བཞིན་མང་ཚོགས་དང་མཇལ་འཕྲད་བཀའ་མོལ་རིམ་པ་མང་པོ་གནང་བའི་རྗེས་སུ། སླེ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་བཞིན་ཆ་རྐྱེན་ཞིག་གི་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་འོག་འཛུལ་ཞུགས་གནང་རྒྱུའི་སྤྱི་མོས་ཐག་གཅོད་གནང་སྟེ། ཞི་འགྲིག་གི་ལས་དོན་ལེགས་གྲུབ་བྱུང་ཡོད་སྟབས་ལ་དྭགས་སླེ་ས་གནས་གཞོན་ནུ་ལོ་ངོ་དྲུག་གི་རྗེས་སུ་སླར་ཡང་ཕྱིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་སུ་འཛུལ་བཞུགས་གནང་བར། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་འཚམས་འདྲི་ཞུས་པ་དང་། དབུས་ས་གཉིས་ཀྱི་ཞི་འགྲིག་གི་ལས་དོན་ལ་འཕྱར་གྲུ་མཉམ་འདེགས་ཀྱིས་ཕྱག་རོགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། སྤྱིར་བཏང་དབུས་བོད་ཀྱི་གཞོན་བུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ས་གནས་ཁག་༨༨་ཙམ་ཡོད་པ་ནས། དེ་སྔོན་༢༠༡༣་ལོར་ས་གནས་བརྒྱད་དབུས་གཞོན་ལྷན་ནས་ཕྱིར་ཐོན་བྱས་པའི་ཁོངས་ནས་དབུས་སྐབས་གོང་མའི་སྐབས་ས་གནས་ཁག་གཉིས་དང་ཞི་འགྲིག་ཐུབ་པ་བྱུང་བ་དང་། ད་ཐེངས་ལ་དྭགས་སླེ་ས་གནས་དང་ཞི་འགྲིག་ཐུབ་པ་བྱུང་ཡོད། ད་དུང་ཡང་རྒྱ་གར་ལྷོ་ཕྱོགས་ཀྱི་བྷེལ་ཀོབ་དང་། ཧོན་སུར། ཀོ་ལི་གྷལ། རྒྱ་གར་བྱང་ཕྱོགས་ནས་ཌལ་ཧོར་དང་། པོཎ་དྲ་བཅས་ས་གནས་ཁག་ལྔ་ལྷག་ཡོད་པ་ཁག་ཀྱང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡང་བསྐྱར་ཞུགས་རྒྱུའི་སླད་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་འབད་བརྩོན་མུ་མཐུད་ནས་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎