མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔྱད་ཞིབ་མཁས་པའི་དགོངས་ཚུལ།

ཀིརྟི་དགོན་པའི་ཁུལ་དུ་བདེ་འཇགས་དམག་དཔུང་ཁྱོན་ཆེ་འགྲེམ་འཇོག་བྱེད་བཞིན་པ་དེས་ཕན་ལས་གནོད་ཆེ་བ་ཡོང་རྒྱུ་ཡིན་པའི་དགོངས་ཚུལ།
2011-11-01
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རེས་གཟའ་མིག་དམར་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔྱད་ཞིབ་པ་མཁས་པ་འགའ་ཤས་ཀྱིས་་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་ཁུལ་དུ་རྒྱ་ནག་གཞུང་གིས་བདེ་འཇགས་དམག་དཔུང་ཁྱོན་ཆེ་འགྲེམ་འཇོག་བྱེད་བཞིན་པ་དེས་ཕན་ལས་གནོད་ཆེ་བ་ཡོང་རྒྱུ་ཡིན་པའི་དགོངས་ཚུལ་གསུངས་འདུག།
དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་ཐད་ཀྱི་དམིགས་བསལ་དཔྱད་ཞིབ་པ་ཧའེ་ནར་སྦི་ལེ་ཕེལདྲ་གྱིས་མཚན་ཐོག་ནས་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་ རྒྱ་ནག་གཞུང་གིས་སྐྱ་བོ་དང་དགེ་འདུན་པའི་སྤྱི་ཚོགས་ཐོག་འཇིགས་སྣང་བསུན་བཙིར་གྱི་ལས་འགུལ་སྤེལ་མི་དགོས་པ་གཙོ་བཟུང་བྱེད་དགོས་ལ་ དགེ་འདུན་པའི་སྤྱི་ཚོགས་དང་ དེ་ལས་བརྒལ་ཏེ་མི་སེར་དཀྱུས་མ་ཚོས་སོ་སོའི་ཆོས་ལུགས་རང་དབང་གི་ཐོག་ནས་ཉམས་ལེན་བྱེད་ཆོག་པའི་རང་དབང་ལ་བརྩི་འཇོག་དགོས་པར་མ་ཟད་ རྒྱ་ནག་གཞུང་ནས་རང་དབང་དེ་དག་འགན་སྲུང་ཡང་བྱེད་དགོས་ཀྱི་རེད་ཅེས་གསུངས་འདུག།
ལྷག་པར་དུ་ཁོང་གིས་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པ་དང་ དེ་མིན་དམ་བསྒྲཌ་ཤུགས་ཆེ་ཡོད་བཞིན་པའི་དགོན་པ་ཁག་ལ་ཆེད་མངགས་དམིགས་ཏེ དམག་དཔུང་འགྲེམས་འཇོག་དང་དམ་བསྒྲཌ་ཤུགས་ཆེ་བྱེད་བཞིན་པ་དེས་ ད་ལྟ་ཡོད་བཞིན་པའི་ཛ་དྲག་གི་གནས་སྟངས་ཆེ་རུ་གཏོང་རྒྱུ་དང་ བྱ་སྤྱོད་དེས་ཕན་ལས་གནོད་ཆེ་བ་ཡོང་རྒྱུ་ཡིན་པ་གསུངས་འདུག།
ཡང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེས་མེད་འཛིན་བཟུང་དང་གར་སོང་ཆར་མེད་དུ་སོང་བ་འགོག་ཐབས་ཀྱི་དམིགས་བསལ་དཔྱད་ཞིབ་པ་ཇེ་རེ་མི་སའར་ཀིན་གྱིས་ བོད་ནང་རྒྱ་ནག་གཞུང་གིས་ཉེས་མེད་དགེ་འདུན་པ་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པར་སྐྱོན་བརྗོད་གནང་ཞིང་ ཁོང་གིས་ བཙན་འཁྲིད་དང་གར་སོང་ཆར་མེད་དུ་བཏང་པའི་ལས་དོན་སྤེལ་བཞིན་པ་དེ་དག་ནི་ནམ་ཡང་ངོས་ལེན་བྱེད་ཐུབ་ཐབས་མེད་པ་ཞིག་ཡིན་པར་མ་ཟད་ བྱ་སྤྱོད་དེ་དག་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཡང་ཡོངས་སུ་འགལ་བ་ཞིག་ཡིན་པར་བརྟེན་ ཚབས་ཆེའི་བྱ་སྤྱོད་དེ་རིགས་ནི་ཆ་རྐྱེན་གང་ཞིག་གི་འོག་ལ་ལག་བསྟར་མི་ཆོག་པ་ཡིན་པ་གསུངས་འདུག།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་དཔྱད་ཞིབ་པ་ཚོས་གསར་འགོད་བསྒྲགས་གཏམ་སྤེལ་བ་དེར་མཚན་རྟགས་འགོད་མཁན་གྱི་གྲས་སུ་ རྒྱལ་ཚོགས་ཀྱི་གྲངས་ཉུང་མི་རིགས་གནད་དོན་གྱི་དམིགས་བསལ་དཔྱད་ཞིབ་པ་རི་ཏ་ཨིཛ་སཀ་དང་ ཡང་རྒྱལ་ཚོགས་ཀྱི་རང་དབང་གི་ཐོབ་ཐང་དང་ ཞི་བའི་འདུ་འཛོམས་ཐོབ་ཐང་གི་གནད་དོན་ཐད་ཀྱི་དམིགས་བསལ་དཔྱད་ཞིབ་པ་ མའེ་ན་ཀི་ཨའེ་ རྒྱལ་ཚོགས་ཀྱི་བསམ་ཚུལ་དང་རྣམ་འགྱུར་རང་དབང་ཐོབ་ཐང་གི་གནད་དོན་ཐད་ཀྱི་དམིགས་བསལ་དཔྱད་ཞིབ་པ་ ཕེརེང་ལ་རུའུ་ དེ་བཞིན་ཉེས་མེད་འཛིན་བཟུང་གནད་དོན་གྱི་དཔྱད་ཞིབ་ཚོགས་ཆུང་གི་ཚོགས་གཙོ་ཧརྡ་ཇི་མ་ལིཀ་སོའོ་བཅས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།