བོད་དང་ཤར་ཏུར་ཀི་སི་ཐན་དོན་རྐྱེན་གྱི་རྒྱུ་རྐྱེན་རྩད་ཞིབ་དགོས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དང་ཤར་ཏུར་ཀི་སི་ཐན་གྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཐུགས་འཚབ།

2009-09-16
Share

༄༅༎ཁ་ས་སུད་སིའི་གྲོང་ཁྱེར་ཇི་ནི་ལྦའི་ནང་ཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཉིས་པའི་ཐོག་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་ལྕམ་ནེ་ལྦ་ནེ་ཐེམ་པི་ལའེ་ཡིས་གསུང་བཤད་གནང་སྐབས་སྔ་ལོ་བོད་ནང་གི་བོད་མིའི་ཞི་བའི་ངོ་རྒོལ་དང་ཉེ་དུས་ཤར་ཏུར་ཀི་སི་ཐན་ནང་གི་དོན་རྐྱེན་གཉིས་ཀྱི་ཐད་ཐུགས་འཚབ་གསལ་བཏོན་གནང་བ་དང་སྦྲགས་རྒྱ་ནག་གི་དབང་འཛིན་དཔོན་རིགས་ཚོས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་ཡག་པོ་མ་བྱས་པ་དང་དབྱེ་འབྱེད་ཕྱོགས་ལྷུང་གི་བྱ་སྤྱོད་སྤེལ་གྱི་ཡོད་པ་ཐེར་བཏོན་གནང་སྟེ་རྒྱ་ནག་གཞུང་ལ་དོན་རྐྱེན་དེ་ཚོ་ཡོང་དགོས་པའི་རྒྱུ་རྐྱེན་རྩད་ཞིབ་ངེས་པར་དུ་བྱེད་དགོས་རྒྱུའི་རེ་སྐུལ་གནང་བཞག

དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ལྕམ་པི་ལའེ་ཡིས་སྔ་ལོ་བོད་ནང་བོད་མིའི་ཞི་བའི་ངོ་རྒོལ་ཐོག་རྒྱ་གཞུང་གིས་དྲག་གནོན་བྱས་པའི་གནད་དོན་དང་ཡང་ཉེ་དུས་ཤར་ཏུར་ཀི་སི་ཐན་ནང་རྒྱ་མི་རིགས་དང་ཡུ་གུར་མི་རིགས་དབར་འཁོན་རྩོད་བྱུང་བའི་དོན་རྐྱེན་གཉིས་ཀྱི་ཐད་ཐུགས་འཚབ་གསལ་བཏོན་དང་འབྲེལ་རྒྱ་ནག་གི་གཞུང་འཛིན་དཔོན་རིགས་ཚོས་ཁྲིམས་ལ་བརྩི་བཀུར་བྱས་པའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་རྒྱུའི་བློ་སྟོབས་གོང་འཕེལ་གཏོང་དགོས་པའི་སྐུལ་མ་གནང་འདུག

དེ་བཞིན་ཁོང་གིས་ཚོགས་མི་རྒྱལ་ཁབ་ཚོའི་གཞུང་ལ་ཡུལ་གྱི་ནང་ཞི་བའི་ངོ་རྒོལ་སྐབས་འཛིན་བཟུང་བྱས་པའི་མི་དམངས་ཚོ་འཕྲལ་དུ་གློད་བཀྲོལ་གཏོང་དགོས་རྒྱུ་དང་ཁོང་ཚོར་སྡུག་སྦྱོང་བཏང་བའི་གནད་དོན་དེ་ཚོ་རྩད་ཞིབ་བྱེད་དགོས་རྒྱུ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས་རྒྱུའི་དྲན་སྐུལ་གནང་བཞག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཉིས་པ་དེ་གྲོང་ཁྱེར་ཇི་ནི་ལྦའི་ནང་ཟླ་བ་འདིའི་ཚེས་བཅུ་བཞིར་དབུ་ཚུགས་གནང་སྟེ་ཟླ་བ་རྗེས་མའི་ཚེས་གཉིས་བར་ཚུགས་གནང་གི་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།