ཨ་རིའི་གཞུང་ཚབ་ཆེན་མོ་དང་༸གོང་ས་མཆོག་མཇལ་འཕྲད།

རྒྱ་གར་ནང་བཅའ་བཞུག་ཨ་རིའི་གཞུང་ཚབ་མཆོག་ནས་༧གོང་ས་མཆོག་ལྷན་དུ་གལ་ཆེའི་གནད་དོན་མང་པོ་ཐོག་བཀའ་མོལ་ཞུས་ཡོད་འདུག

2011-02-24
Share

༄༅༎རྒྱ་གར་ནང་བཅའ་བཞུག་ཨ་རིའི་གཞུང་ཚབ་མཆོག་ནས་བཞུགས་སྒར་རྡ་རམ་ས་ལར་བོད་མིའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྷན་དུ་གལ་ཆེའི་གནད་དོན་མང་པོ་ཐོག་བཀའ་མོལ་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག་༎

ཨ་རིའི་གཞུང་ཚབ་ཆེན་མོ་བ་སྐུ་ཞབས་ཀྲི་མ་ཐི་རོའོ་མར་མཆོག་བཙན་བྱོལ་བོད་གཞུང་གི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་ཉིན་གཉིས་རིང་གཞུང་དོན་འཚམས་འདྲིར་ཕེབས་ཡོད་པ་རེད་ ཚེས་༢༢ཉིན་གྱི་སྔ་དྲོ་ཚོུད་༡༠པའི་ཐོག་༸གོང་ས་མཆོག་གི་གཟིམ་ཆུང་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་གཞུང་ཚབ་ཀྲི་མ་ཐི་རོའོ་མར་རྣམ་གཉིས་དབར་དུས་ཡུན་ཚོུད་གཅིག་ཙམ་རིང་ནང་མོལ་གྱི་མཇལ་འཕྲད་གནང་ཡོད་པ་དང་མཇལ་འཕྲད་གྲུབ་རྗེས་ ཨ་རིའི་གཞུང་ཚབ་མཆོག་ནས་འཛམ་གླིང་ཐོག་གུས་བརྩི་ལྡན་པའི་ཆོས་ཕྱོགས་ཀྱི་དབུ་འཁྲིད་༸གོང་ས་ཏ་ལའི་བླ་མ་མཆོག་ལ་དེ་སྔོན་ཨ་རིའི་གཞུང་འབྲེལ་གནད་ཡོད་མི་སྣ་རིམ་པས་མཇལ་འཕྲད་དུ་ཕེབས་ཡོད་པ་བཞིན་ ཁོང་ད་རེས་བཞུགས་སྒར་རུ་༸གོང་ས་ཏ་ལའི་བླ་མཆོག་དང་མཇལ་འཕྲད་འདིའི་སྐབས་གལ་ཆེའི་གནད་དོན་མང་པོ་ཞིག་གི་ཐོག་བཀའ་མོལ་ཞིབ་ལྷུག་བྱུང་ཡོད་པ་དང་ མ་འོངས་པར་གནད་དོན་དེ་ཚོའི་ཐོག་བཀའ་མོལ་མུ་མཐུད་ཞུ་རྒྱུའི་ཐུགས་རེ་གནང་བཞིན་ཡོད་སྐོར་གསར་འགོད་པ་ཚོར་ངོ་སྤྲོད་གནང་བཞག དམིགས་ཀར་ཨ་རིའི་གཞུང་ཚབ་མཆོག་གིས་ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་བཀའ་བསྡུར་སྐབས་རྒྱ་ནག་གཞུང་དང་༸གོང་ས་མཆོག་གི་སྐུ་ཚབ་དབར་དེ་སྔ་འབྲེལ་མོལ་ཐེངས་དགུ་གནང་པའི་རྗེས་ད་ཆ་འབྲེལ་མོལ་བར་མཚམས་ཆད་པའི་རྐྱེན་ཞི་མོལ་གྱི་གནས་བབས་སྐོར་དང་ དེ་བཞིན་ཉེ་ལམ་རྒྱ་ནག་གི་སྲིད་འཛིན་ཨ་རིར་རྒྱལ་དོན་འཚམས་གཟིགས་སུ་ཕེབས་སྐབས་སྲིད་འཛིན་ཨོ་སྦ་མ་མཆོག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དེ་ཨ་རིའི་ཕྱོགས་ནས་གནད་དོན་གལ་ཆེར་ངོས་འཛིན་གནང་གི་ཡོད་པའི་གནད་དོན་གླེང་སློང་ཞུས་པ་དང་ཆབས་ཅིག་རྒྱ་བོད་ཞི་མོལ་སྐྱར་གསོ་ཡོང་རྒྱུའི་སྐུལ་ལྕགས་གནང་པ་བཅས་༸གོང་ས་མཆོག་ལ་སྙན་སེང་ཞུས་སྐོར་གསལ་འདོན་གནང་བཞག་ གཞན་ཡང་ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་གཞུང་ཚབ་རྣམ་གཉིས་ཀྱི་མཇལ་མོལ་འདིའི་སྐབས་བོད་ཀྱི་འཁོར་ཡུག་གི་གནས་སྟངས་དང་ལྷག་པར་དུ་ས་མཐོའི་བོད་ཀྱི་ཆུ་བོ་དེ་དག་བོད་ཙམ་མ་ཟད་ཆུ་རྒྱུག་པའི་རྒྱལ་ཁབ་ཁག་ལ་གནད་འགག་ཇེ་ཆགས་དང་ གནད་དོན་དེ་ཚོའི་ཐོག་༸གོང་ས་ཏ་ལའི་བླ་མ་མཆོག་ནས་ཐུགས་སྣང་ཆེན་པོ་གནང་གི་ཡོད་པའི་སྐོར་འགྲེལ་བརྗོད་གནང་བཞག་ ཨ་རིའི་གཞུང་ཚབ་ཀྲི་མ་ཐི་མཆོག་ད་རེས་བཞུགས་སྒར་རུ་ཆེད་ཕེབས་མཛད་འཆར་ཁོངས་སུ་ ཚེས་༢༡ཉིན་བཞུགས་སྒར་ཉེ་འཁྲིས་སུ་ཡོད་པའི་ཀན་ཡ་ར་ཁུལ་དུ་བོད་གཞུང་སྣེ་ལེན་ཁང་གསར་པ་དབུ་འབྱེད་གནང་པ་དང་ དེ་བཞིན་རྡ་སྟེང་བོད་ཕྲུག་སློབ་གྲར་གཟིགས་སྐོར་བསྐྱངས་ཡོད་པ་རེད་ ཨ་རིའི་གཞུང་ཚབ་མཆོག་ཁ་ས་ཕྱི་དྲོ་རྒྱལ་ས་ལྡིར་ལིར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས་གནས་ཚུལ་ནང་གསལ་འདུག་༎


 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།