རྒྱ་ནག་གིས་གཞི་ནས་རྒྱལ་ཚོགས་ཀྱི་དཔོན་རིགས་རྒྱ་ནག་ནང་ཕེབས་ཆོག་པའི་མོས་མཐུན་བྱས་འདུག

2022.03.08
Share on WhatsApp
Share on WhatsApp
རྒྱ་ནག་གིས་གཞི་ནས་རྒྱལ་ཚོགས་ཀྱི་དཔོན་རིགས་རྒྱ་ནག་ནང་ཕེབས་ཆོག་པའི་མོས་མཐུན་བྱས་འདུག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ལྕམ་(Michelle Bachelet)་ལགས། ༢༠༡༨
Reuters

ཕྱི་ཟླ་༣་པའི་ཚེས་༨་ཉིན་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ལྕམ་(Michelle Bachelet)་འདི་ལོའི་ཕྱི་ཟླ་ལྔ་པའི་ནང་། རྒྱ་ནག་ནང་འཚམས་གཟིགས་སུ་ཕེབས་རྒྱུར་རྒྱ་ནག་དང་གྲོས་མཐུན་བྱུང་བའི་སྐོར་ཕྱི་ཚེས་༨ཉིན་གནས་ཚུལ་ཕྱིར་བསྒྲགས་གནང་ཡོད་ཅིང་། ཁོང་གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་གྱོད་དོན་ཁག་གཅིག་བཏོན་གནང་ཡོད་པ་དང་། སྐྱོན་བརྗོད་དེ་དག་མང་ཆེ་བ་རྒྱ་ནག་གཞུང་གི་སྲིད་བྱུས་ལ་སྐྱོན་བརྗོད་ཀྱིས་བཙོན་འཇུག་བྱས་ཡོད་པའི་གྱོད་དོན་རྐྱང་ཡིན་འདུག
ལྩམ་(Michelle Bachelet)་ཡིས་དྲ་བརྙན་བརྒྱུད་ཇི་ནི་ཝའི་ནང་རྟེན་གཞི་བྱས་བའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྷན་ཚོགས་ཐོག ཁོང་ཉིད་ཤིན་ཅང་ཚུད་པའི་རྒྱ་ནག་གི་ས་གནས་ཁག་གཅིག་ནང་ད་ལོ་ཕྱི་ཟླ་ལྔ་པའི་ནང་ཕེབས་རྒྱུ་དང་། ཁོང་གི་གཞུང་ལས་ཁང་གི་ལས་བྱེད་ཚོགས་ཆུང་ཞིག་ཕྱི་ཟླ་བཞི་པའི་ནང་སྔོན་འགྲོའི་ལས་དོན་ཆེད་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པ་སོགས་གསུངས་འདུག
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ཤིན་ཅང་ནང་ཕེབས་རྒྱུར་དུས་ཡུན་རིང་པོ་ནས་འབད་བརྩོན་གནང་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཤིན་ཅིང་ངམ་ཤར་ཏུར་ཀིསུ་ཐན་ནང་ཡུ་གུར་དང་དེ་མིན་གྱི་གྲངས་ཉུང་མི་རིགས་ཁྲི་བརྒྱ་ལྷག་ཙམ་རྒྱ་ནག་གཞུང་གིས་བརྗོད་པའི་སློབ་གསོ་བསྐྱར་མ་ཟེར་བའི་ནང་བཙོན་འཇུག་བཀག་ཉར་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་མ་ཟད། ཨ་རི་དང་དེ་མིན་གྱི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཀྱང་རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་རྩ་མེད་གཏོང་གི་ཡོད་པའི་སྐྱོན་བརྗོད་གནང་བཞིན་ཡོད་པ་རེད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་སྙན་ཐོ་ཞིག་ཟིན་བྲིས་རྒྱབ་ཟིན་ཡོད་ཀྱང་། ད་བར་སྙན་ཐོ་དེ་ཕྱིར་བཏོན་མེད་པ་རེད། དེར་བརྟེན་འདི་ཚེས་༧་ཉིན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་གྱི་ཚོགས་སྡེ་ཁག་༡༩༥་ཡིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ལ་ཡོངས་ཁྱབ་ཡིག་གེ་བཏང་ནས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་དེ་འགྲེམས་སྤེལ་བྱེད་དགོས་པའི་རེ་སྐུལ་བྱས་ཡོད་པ་རེད།
དེ་བཞིན་ད་རེས་རྒྱ་ནག་གིས་གཞི་ནས་རྒྱལ་ཚོགས་ཀྱི་དཔོན་རིགས་ཤིན་ཅིང་གཙོས་རྒྱ་ནག་ནང་ཕེབས་ཆོག་རྒྱུར་མོས་མཐུན་བྱས་བའི་ཐད་འཛམ་གླིང་ཡུ་གུར་ཚོགས་པའི་མགྲིན་ཚབ་པ་ཡེ་ལེ་ཤ་དྷེ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཅར་འདྲི་བྱས་སྐབས། ཁོང་གིས་དེ་ནི་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་འཁྲབ་སྟོན་ཞིག་ཡིན་པ་ལས་ཤིན་ཅིང་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་ཁག་པོ་ཡིན་པ་གསུངས་བྱུང་།
རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་དཔོན་རིགས་ཤིན་ཅིང་ནང་ཕེབས་རྒྱུར་དགའ་བསུ་ཡོད་ལུགས་བཤད་བཞིན་ཡོད་ན་ཡང་། ད་བར་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ལྕམ་(Michelle Bachelet)་ཚད་བཀག་མེད་པར་རང་དབང་ཐོག་ནས་ཤིན་ཅིང་ནང་ཕེབས་རྒྱུར་རྒྱ་ནག་གཞུང་དང་གྲོས་མཐུན་བྱུང་མེད་ཅིང་། པེ་ཅིན་གྱི་དགུན་དུས་རྒྱལ་སྤྱིའི་ཨོ་ལེམ་ཕིག་སི་རྩེད་འགྲན་སྐབས་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཡིས་རྒྱ་ནག་གི་དཔོན་རིགས་དང་གྲོས་མོལ་བྱེད་པའི་སྐབས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ལྕམ་(Michelle Bachelet)་ཤིན་ཅིང་ཚུད་པའི་རྒྱ་ནག་གི་ས་གནས་ཁག་ནང་ཕེབས་རྒྱུར་རྒྱ་ནག་གཞུང་གིས་མོས་མཐུན་བྱ་རྒྱུའི་འབོད་སྐུལ་གནང་ཡོད་པ་རེད། ཡིན་ན་ཡང་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཀྲའོ་ལིས་ཅེན་གྱིས་ཕྱི་ཟླ་དང་པོའི་ཚེས་༢༨ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ཤིན་ཅིང་ཚུད་པའི་རྒྱ་ནག་གི་ས་གནས་ཁག་ནང་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་དང་། དེའི་དམིགས་ཡུལ་ནི་ཕན་ཚུན་བསམ་ཚུལ་སྤེལ་རེས་ལས་བརྟག་དཔྱད་ཆེད་དུ་མིན་ལུགས་བཤད་ཡོད་པ་རེད།
ད་རེས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་རྒྱ་ནག་ནང་ཕེབས་རྒྱུ་དེ་ཕྱི་ལོ་༢༠༠༥་ལོར་(Louise Arbor)་གྱིས་རྒྱ་ནག་ནང་འཚམས་གཟིགས་གནང་བའི་རྗེས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་དཔོན་རིགས་རྒྱ་ནག་ནང་འཚམས་གཟིགས་སུ་ཕེབས་པ་ཐོག་མ་དེ་ཆགས་རྒྱུ་ཡིན་པ་རེད།

གསར་འགོད་པ། འཆི་མེད། བློ་བཟང་ཆོས་འཕེལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎