རྒྱ་ནག་གིས་རྒྱལ་ཚོཊ་ཀྱི་ཤེས་ཡོན་བདག་ཐོབ་འགན་འཛིན་ཐོབ་ཐབས་བྱེད་བཞིན་པར་ཨ་རིས་སྐྱོན་བརྗོད།

2020-02-27
གློག་འཕྲིན།
མཆན།
Share
པར་བཀོད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ར། ༢༠༡༩།༩།༡༦
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ར། ༢༠༡༩།༩།༡༦
UN

རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་བདག་ཐོབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ཐོབ་ཐབས་བྱེད་བཞིན་པར་ཨ་རིས་སྐྱོན་བརྗོད་བྱས་འདུག
རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་བདག་ཐོབ་ཚོགས་པ་དེའི་སྤྱི་ཁྱབ་འགན་འཛིན་ཐོབ་ཐབས་ཀྱི་འབད་བརྩོན་བྱེད་ཀྱི་ཡོད་པ་དེར། ཨ་མི་རི་ཀས་རྒྱ་ནག་ནི་ཤེས་རིག་ཅ་དངོས་ཀྱི་བདག་ཐོབ་ལ་བརྩི་མེད་རྐུ་འཁྱེར་བྱེད་མཁན་ཞིག་ཡིན་པས། ལྷན་ཁང་དེའི་འགོ་ཁྲིད་ལ་བསྐོ་བཞག་བྱས་པ་ཡིན་ན་ནོར་འཁྲུལ་ཚབས་ཆེན་ཞིག་ཆགས་སྲིད་པ་རེད་ཅེས་ཨ་མི་རི་ཀའི་རྒྱལ་ཚོགས་ཀྱི་སྐུ་ཚབ་(Andrew Bremberg)་གིས་གསར་འགོད་འདུ་འཛོམས་སར་ཚེས་༢༦་ཉིན་སྐྱོན་འཛུགས་གནང་འདུག
དེ་བཞིན་ཨ་རིའི་སྲིད་འཛིན་ལས་ཁང་གི་ཚོང་ལས་དཔལ་འབྱོར་གྱི་གཞུང་དོན་སྐུ་ཚབ་(Peter Navarro)་གིས་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་བདག་ཐོབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དུ་རྒྱ་ནག་གི་སྐུ་ཚབ་(Wang Binyin)་བསྐོ་བཞག་བྱས་ན་ཧ་ལས་པའི་ནོར་འཁྲུལ་ཆེན་པོ་བཟོ་སྲིད་པ་རེད་སོགས་གསུངས་འདུག
དེ་བཞིན་འདི་ཚེས་༢༦་གཟའ་ལྷག་པའི་ཉིན། སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་ཡོད་པའི་རྒྱལ་ཚོགས་ཀྱི་རྒྱ་ནག་གི་སྐུ་ཚབ་གྲན་ཤུན་གྱིས། མཉམ་འབྲེལ་རྒྱལ་ཚོགས་གཤམ་འོག་གི་ཤེས་ཡོན་བདག་ཐོབ་དཔེར་ན། ཁེ་དབང་སྒེར་སྤྱོད་ཐོབ་ཐང་དང་། ཚོང་རྟགས། བཟོ་ལས་འཆར་འགོད་བདག་ཐོབ་ལས་ཁང་གི་འགན་འཛིན་གྱི་འོས་མིར་རྒྱ་ནག་གིས་ལས་ཁང་དེའི་འགན་འཛིན་གཞོན་པའི་ལས་གནས་ཁུར་བཞིན་པ་ཝང་པིང་ཡིང་(Wang Binyin)་མིང་འདོན་བྱས་ཡོད་པར་ཨ་རིས་བཀག་འགོག་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་བྱས་ཡོད་ཅིང་། རྒྱ་ནག་གི་རྒྱལ་ཚོགས་ཀྱི་སྐུ་ཚབ་གྲན་ཤུན་གྱིས་ཨ་རི་གཞུང་གིས་རྒྱལ་ཚོགས་ཀྱི་ཤེས་ཡོན་བདག་ཐོབ་ཚོགས་པའི་འགན་འཛིན་གྱི་འོས་འདེམས་དེ་བཞིན་ཆབ་སྲིད་ཀྱི་རྩེད་མོ་རྩེད་ཡུལ་བྱེད་ཀྱི་ཡོད་པ་དང་། ཨ་རི་རང་ཉིད་ཀྱིས་འོས་མི་མིང་འདོན་བྱས་མེད་ཀྱང་། རྒྱ་ནག་གིས་མིང་འདོན་བྱས་པའི་འོས་མིར་བཀག་འགོག་བྱེད་ཀྱི་ཡོད་པའི་ཁར། ཐ་ན་ལས་དོན་དེ་བཞིན་ཕྱི་འབྲེལ་གྱི་ལས་དོན་ཞིག་ཏུ་བརྩིས་ནས། རྒྱལ་ཚོགས་ཀྱི་ཚོགས་ཞུགས་ཡུལ་གྲུ་ཆུང་འབྲིང་ཁག་ཅིག་ལ་ཡང་རྒྱ་ནག་གི་འོས་མིར་རྒྱབ་སྐྱོར་འོས་ཤོག་འཕེན་རྒྱུ་མེད་པའི་ཉེན་བརྡ་གཏོང་གི་ཡོད་པའི་སྐོར་སོགས་གསར་འགོད་ལྷན་ཚོགས་ཐོག་བརྗོད་ཡོད་འདུག
རྒྱལ་ཚོགས་ཀྱི་ཤེས་ཡོན་བདག་ཐོབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་འོས་མི་མི་རིང་བའི་ཕྱི་ཟླ་ལྔ་པའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐ་མའི་ཐག་གཅོད་མ་བྱས་སྔོན། ཕྱི་ཟླ་གསུམ་པའི་ཚེས་༤ཉིན་ནང་ཁུལ་དུ་འགན་འཛིན་འོས་འདེམས་བྱེད་ཀྱི་ཡོད་པ་དང་། རྒྱལ་ཚོགས་ཀྱི་ཤེས་ཡོན་བདག་ཐོབ་ལྷན་ཚོགས་དེ་བཞིན་༡༩༦༧་ལོར་གསར་བཙུགས་བྱས་པ་ནས་བཟུང་ལྷན་ཚོགས་དེའི་སྤྱི་ཁྱབ་འགན་འཛིན་གྱི་འོས་མི་འབྲེལ་འཐུད་ཚོགས་ཆུང་གིས་མིང་འདོན་བྱས་པ་ཁས་ལེན་མ་བྱས་པ་བྱུང་མྱོང་མེད་པ་རེད། རྒྱ་ནག་གིས་མིང་འདོན་བྱས་པའི་འོས་མི་ཝང་པིང་ཡིང་ནི། ཚོགས་པ་དེའི་འགན་འཛིན་གྱི་འོས་མི་བཅུའི་ནང་གི་གཅིག་ཡིན་པ་དང་།  དེ་མིན་གྱི་འོས་མི་ནི་ཀོའི་ལོན་བི་ཡ་དང་། (Ghana) (Kazakhstan) (peru) (Singapore)་སོགས་ཀྱིས་མིང་འདོན་གནང་བའི་འོས་མི་ཡོད་པ་རེད།
རྒྱལ་ཚོགས་ཀྱི་ཤེས་ཡོན་བདག་ཐོབ་ལྷན་ཚོགས་ཀྱི་སྡོམ་རྩིས་གྲངས་འབོར་ལྟར་ན། རྒྱལ་སྤྱིའི་ནང་ཤེས་ཡོན་བདག་ཐོབ་ཀྱི་ཆོག་མཆན་ཞུ་མཁན་ཕྱེད་ཀ་ལྷག་རྒྱ་ནག་ཡིན་པ་དང་། ཡིན་ན་ཡང་ཨ་རིའི་ནང་གི་འགག་སྒོ་ཁག་ནས་གཞུང་བཞེས་བཏང་བའི་དངོས་ཟོག་རྫུན་མ་བརྒྱ་ཆ་༨༥་ལྷག་རྒྱ་ནག་ནས་བཟོས་པའི་དངོས་ཟོག་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།