རྒྱལ་ཁབ་ཚང་མས་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས།


2019.12.10
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ། ༢༠༡༩ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ། ༢༠༡༩
TCHRD

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ་ལོ་ངོ་༧༡་འཁོར་བའི་ཉིན་མོ་དང་བསྟུན་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚང་མས་སྤྱི་དམངས་ཚོགས་སྡེ་ཁག་གི་མངོན་འདོད་སྲུང་སྐྱོབ་བྱས་པའི་ཐོག་ནས་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་གནང་འདུག
བཞུགས་སྒར་རྡ་རམ་སཱ་ལར་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། གོང་ཞུས་འབོད་སྐུལ་དེ་ནི་ཕྱི་ཟླ་༡༢་བའི་ཚེས་༡༠་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར། དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་སྤྱི་དམངས་ཚོགས་སྡེ་ཁག་གི་མངོན་འདོད་ལ་དྲག་གནོན་ཤུགས་ཆེ་བྱེད་བཞིན་པ་སྤྱི་དང་། ལྷག་དོན་དུ་རྒྱ་ནག་གཞུང་གིས་ཞི་བའི་མི་དམངས་ཀྱི་སྨྲ་བརྗོད་རང་དབང་ཐོག་དྲག་གནོན་ཤུགས་ཆེ་བྱེད་མུས་མ་ཟད། མི་མང་ཐོག་གསང་བའི་མྱུལ་ཞིབ་གཞི་རྒྱ་ཆེན་པོ་བྱེད་བཞིན་པ་དང་། ཁ་པར་དང་གསར་འགྱུར་སོགས་འབྲེལ་ལམ་གྱི་བརྒྱུད་ལམ་ཚང་མར་སྟངས་འཛིན་དོ་དམ་ནན་པོ་བྱེད་མུས། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་། གནས་ཚུལ་སྤེལ་མཁན་རྣམས་ལ་འཇིགས་སྐུལ་དང་བསུན་བཙིར་བརྡབ་བསིག་གཏོང་བཞིན་པ་དང་། སྤྱི་དམངས་ཚོགས་སྡེ་ཁག་གི་མངོན་འདོད་ལ་དྲག་གནོན་ཚབས་ཆེན་བྱེད་བཞིན་པའི་ཉེར་ལེན་གྱིས་འགྲོ་བ་མིའི་ཐོབ་ཐང་མང་པོ་ཞིག་རྡོལ་རོལ་ཐེབས་ཏེ་བོད་ནང་གི་དངོས་ཡོད་གནས་ཚུལ་ཕྱི་ཕྱོགས་ལ་ཁྱབ་ཐབས་མེད་པའི་གནས་སུ་གྱུར་ཡོད་སྐོར་དང་། ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ་ད་བར་ལོ་༧༡་འཁོར་བའི་བརྒྱུད་རིམ་ཁྲོད། གཞི་རྩའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་ཆེད། རང་དབང་ལྡན་ལ་རྣམ་པ་མི་འདྲ་བ་དང་། ལྟ་གྲུབ་སྣ་ཚོགས་འཛོམས་པའི་སྤྱི་དམངས་ཚོགས་སྡེ་ཁག་ལ་བདེ་འཇགས་དང་ཕན་ནུས་ལྡན་པའི་ཁོར་ཡུག་མེད་པ་ཆགས་ཡོང་གི་ཡོད་པའི་སེམས་ཚབས་ཆེན་པོས་སྤྱི་མང་ཚོགས་སྡེ་ཁག་ལ་ངེས་པར་དུ་རང་དབང་སྤྲོད་དགོས་ལ་འགྲོ་བ་མིའི་ཐོབ་ཐང་གིས་མི་ཚང་མར་སྨྲ་བརྗོད་རང་དབང་དང་། གནས་ཚུལ་མཁོ་སྒྲུབ། འདུ་འཛོམས། ཚོགས་པ་གསར་འཛུགས། སྲིད་གཞུང་གི་ལས་རིགས་ནང་མཉམ་ཞུགས། སྒེར་ལ་ཐེ་གཏོགས་མི་བྱེད་པ་བཅས་ཀྱི་ཐོབ་ཐང་དང་། རང་དབང་ཁག་ལ་བརྩི་བཀུར་དང་སྲུང་སྐྱོབ་དགོས་པའི་འགན་ཡོད་ཅེས་ཀྱང་གསུངས་འདུག
ཉེ་བའི་ལོ་ཤས་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གི་འགོ་ཁྲིད་འོག་སྤྱི་དམངས་ཚོགས་སྡེ་ཁག་འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཚན་ཁག་ལ་འབྲེལ་བ་མེད་པ་བཟོ་ཕྱིར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཚན་གཙོ་བོ་ཁག་ལ་གནོན་ཤུགས་སྤྲོད་ཐབས་སྣ་ཚོགས་བྱས་པ་དང་། རྒྱ་ནག་གཞུང་ནི་སྤྱི་དམངས་ཚོགས་སྡེ་ཁག་གི་རང་དབང་མེད་པ་བཟོ་མཁན་དང་། འགྲོ་བ་མིའི་ཐོབ་ཐང་ལམ་ལུགས་ནུས་མེད་བཟོ་རྒྱུའི་ལམ་ལ་ཞུགས་པ་དང་། དེས་རྒྱལ་ཁབ་གཞན་ཁག་གི་ནང་དུ་ཡང་སྤྱི་དམངས་ཚོགས་སྡེ་ཁག་གིས་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་པའི་ལམ་འགོག་པའི་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་སྐོར་སོགས་འཁོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎