མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་འདྲི་རྩད་གནང་འདུག

2022.04.20
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་འདྲི་རྩད་གནང་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་འདྲི་རྩད་གནང་བ།
སྒྲིག་བཟོ།/RFA

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དམིགས་བསལ་རྟོག་ཞིབ་ཚན་པ་ཁག་དྲུག་གིས་ཐུགས་ཚབས་ཆེན་པོའི་ཐོག་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་མི་ཁག་ཅིག་གི་མཚན་བཏོན་ནས་བོད་ཀྱི་ཆབ་སྲིད་བཙོན་པའི་གནད་དོན་ཐད་འདྲི་རྩད་གནང་ཡོད་པ་དང་། དེའི་ནང་རྒྱ་ནག་གཞུང་གིས་ལོ་བཞིའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་རྩོམ་པ་པོ་བློ་བཟང་ལྷུན་གྲུབ་ལགས་སམ་སྨྱུག་མིང་དྷཱི་ལྷ་ལྡན་ལགས་དང་། དེ་བཞིན་ལོ་དྲུག་གི་ཁྲིམས་ཐག་བཅད་པའི་བོད་ཀྱི་གཞས་པ་ལྷུན་གྲུབ་གྲགས་པ་ལགས། རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་འོག་ད་ལྟ་གར་སོང་ཆ་མེད་དུ་གྱུར་བའི་མགོ་ལོག་དར་ལག་རྫོང་སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་རིན་ཆེན་སྐྱིད་ལགས་བཅས་བོད་མི་ཆབ་སྲིད་བཙོན་པ་གསུམ་གྱི་སྐུ་གཟུགས་གནས་སྟངས་ཁ་གསལ་དགོས་པའི་སྐོར་རྒྱ་ནག་གཞུང་ལ་ཡིག་ཐོག་ནས་འདི་ཚེས་༡༧ཉིན་འདྲི་རྩད་གནང་ཡོད་པ་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ཁོང་མོས་གསུངས་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དམིགས་བསལ་རྟོག་ཞིབ་ཚན་པ་དྲུག་གིས་རྒྱ་ནག་གཞུང་ལ་ཡིག་ཐོག་འདྲི་རྩད་གནང་བ་དེའི་ནང་། གོང་དུ་འཁོད་པའི་བོད་མི་ཆབ་སྲིད་བཙོན་པ་གསུམ་རྒྱ་ནག་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་ཏེ་ཡུན་རིང་བཀག་ཉར་འོག་གར་སོང་ཆ་མེད་དུ་གྱུར་བ། མཐར་ཕྱི་གསལ་ནང་གསལ་མེད་པའི་ཐོག་ནས་ཁྲིམས་ཐག་བཅད་པའི་གནད་དོན་སོགས་ཁ་གསལ་གནང་བའི་ཐོག་འདྲི་རྩད་གནང་ཡོད་པ་དང་། དེ་བཞིན་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་ཀྱི་སྐད་ཡིག་དང་། བོད་མིའི་ངོ་བོ་མཚོན་པའི་བྱེད་སྒོ་སྤེལ་གནང་མཁན། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་མཁན་མི་སྣ་ཁག་ལ་དྲག་གནོན་བྱེད་བཞིན་པའི་གནས་སྟངས་དངོས་སུ་ར་འཕྲོད་པ་ཞིག་མཚོན་གྱི་ཡོད་པ་མ་ཟད། དེང་གི་ཆར་རྒྱ་ནག་གཞུང་གིས་བོད་ནང་གི་ཤེས་ཡོན་ཅན་དང་། སྒྱུ་རྩལ་བ་སོགས་མི་སྣ་ཁག་འཛིན་བཟུང་བཙན་ཁྲིད་དང་། རྒྱུན་རིང་བཀག་ཉར་ཐོག་མཐར་གནས་སྟངས་ཁ་གསལ་མེད་པའི་ཐོག་བཙོན་འཇུག་ཁྲིམས་ཐག་བཅད་པ་སོགས་ཀྱི་གནད་དོན་དེ་ཚོ་རྒྱུན་ལྡན་གྱི་ལམ་ལུགས་ལྟར་ཆགས་ཡོད་པ་གོང་ཞུས་རྒྱལ་ཚོགས་ཀྱི་ཚན་པ་ཁག་གི་ངོས་ནས་ཧ་ཅང་གི་ཐུགས་ཚབས་ཡོད་ཅེས་ཡིག་ཐོག་འདྲི་རྩད་ནང་འཁོད་ཡོད་པ་རེད་འདུག
ལྷག་དོན་དུ་གོང་ཞུས་ཚན་པ་དེ་དག་གིས་ད་རེས་རྒྱ་ནག་གཞུང་ལ་ཡིག་ཐོག་འདྲི་རྩད་དེའི་ནང་། ད་ལྟ་རྒྱ་ནག་གཞུང་གི་བཙོན་འོག་ཏུ་ཡོད་པའི་རྩོམ་པ་པོ་བློ་བཟང་ལྷུན་གྲུབ་ལགས་དང་། གཞས་པ་ལྷུན་གྲུབ་གྲགས་པ་ལགས། དགེ་རྒན་རིན་ཆེན་སྐྱིད་ལགས་བཅས་གསུམ་ད་ལྟ་གང་དུ་ཡོད་མེད་དང་། སྐུ་གཟུགས་ཀྱི་གནས་སྟངས་ཇི་ལྟར་ཡོད་མིན། ཁོང་རྣམ་པ་གསུམ་ཐོག་མར་འཛིན་བཟུང་བྱེད་སྟངས་ནས་འགོ་བཙུགས་ཀྱིས་རྒྱུད་རིམ་ཁག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་དང་མཐུན་མིན་སོགས་ལན་འདེབས་ཁ་གསལ་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མིའི་སྐད་ཡིག་དང་། ཆོས་དད་རང་དབང་། དེ་བཞིན་སྨྲ་བརྗོད་རང་དབང་དང་། བསམ་བློའི་རང་དབང་འགན་སྲུང་ཆེད་ལས་དོན་གང་བྱས་མིན་སོགས་ཁ་གསལ་བཟོ་དགོས་པ་བཅས་ཀྱི་འདྲི་རྩད་གནང་འདུག
ད་ལྟ་གོང་ཞུས་རྒྱ་ནག་གཞུང་ལ་བོད་ནང་གི་ཆབ་སྲིད་བཙོན་པ་དང་འབྲེལ་བའི་ཡིག་ཐོག་འདྲི་རྩད་གནང་མཁན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པ་ཁག་དྲུག་ནི། རྒྱལ་ཚོགས་ཀྱི་འཛིན་བཟུང་བཀག་ཉར་ཐོག་རྟོག་ཞིབ་གནང་མཁན་གྱི་དམིགས་བསལ་ཁེ་ལས་རྟོག་ཞིབ་ཚན་པ་དང་། བཙན་ཁྲིད་དམ་གར་སོང་ཆ་མེད་ཀྱི་གནད་དོན་རྟོག་ཞིབ་གནང་མཁན་གྱི་དམིགས་བསལ་ཁེ་ལས་རྟོག་ཞིབ་ཚན་པ། རྒྱལ་ཚོགས་ཀྱི་ཤེས་ཡོན་རང་དབང་གི་དམིགས་བསལ་ཁེ་ལས་རྟོག་ཞིབ་མི་སྣ། སྨྲ་བརྗོད་རང་དབང་དང་། བསམ་བློའི་རང་དབང་དར་སྤེལ་དང་སྲུང་སྐྱོབ་གནང་མཁན་གྱི་ཁེ་ལས་རྟོག་ཞིབ་ཚན་པ། ལེགས་བྱང་རང་དབང་དང་གྲངས་ཉུང་མི་རིགས་ཐོག་གི་ཁེ་ལས་རྟོག་ཞིབ་མི་སྣ་བཅས་ཡིན་པ་རེད་འདུག

གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎